2013-12-31

ངག་སྐུད།

མཐུད་མཚམས་མེད་པའི་སྐུད་པ་དེས།།
ཁྱེད་དང་ང་རང་སྦྲེལ་ཡོད་ན།།
སྣག་ཚ་མེད་པའི་སྨྱུ་གུ་ཟུང་།།
ལྷན་དུ་གཙང་པོར་བསྐྱུར་བར་བྱ།།

ཁྱེད་ཀྱིས་ཁོ་བོ་ག་ལ་མཁྱེན།།
ངས་ཀྱང་ཁྱེད་རང་ཤེས་ཀྱི་མེད།།
ཁྱེད་རང་སྙན་ངག་མཁན་རེད་ཟེར།།
ང་རང་སྙན་ངག་པ་རུ་རློམ།།

2013-12-16

འགྲམ་ཆང་།

སྤྲིན་བཞིན་རྒྱུ་བའི་རླངས་པ་དེ་ཡི་འོག །
མཆུ་སྒྲོས་འཛུམ་པའི་འོད་ཀྱིས་ཁྱབ་པ་ཡི།།
ཞལ་ཟས་ཆང་གི་རོ་ཡིས་སྙེམས་པ་དེ།།
སྙིང་ཁ་འགུལ་བའི་རོལ་དབྱངས་བཞིན་དུ་མཚར།།

ཁང་ཆུང་དཀར་པོའི་སྒོ་ཆུང་དེ་ག་ནས།།
ཁྱེད་ཀྱི་རྒྱབ་གཟུགས་དེ་ལ་རྣམ་པར་འཁྲེན།།
རང་བཞིན་གཤིས་ཀྱིས་ཉེ་བའི་ཁྱེད་དང་ང་།།
ཧ་ཅང་ཉེ་ཡང་ཧ་ཅང་ཧ་ཅང་རིང་།།

གཞན་དང་མི་གཅིག་གཤིས་ཀའི་ཚེར་མ་འདིས།།
ང་རང་མེ་ཏོག་ལྡུམ་རར་ཚུད་མི་སྲིད།།
ལག་པ་བསྲིངས་སའི་རི་དེ་འགྱུར་བ་ནས།།
རི་སྐྱེས་ང་རང་རི་བོ་གང་ལ་འཁེན།།

2013-11-25

བདུད་རྩི་འཐུང་བའི་ན་རོ་པ།

ཡལ་འདབ་སྐྲ་བཞིན་ཟིང་པའི་སྡོང་པོའི་བར།།
ཚོན་ལྡན་དར་གྱི་ལྡ་ལྡིས་ཅི་ཞིག་ཟློ།།
གསལ་ལ་མི་གསལ་ཟླ་འོད་དེ་ཡི་འོག
ཁྱེད་ཀྱི་དོ་ཧས་ང་རང་ཐོས་སྙམ་བྱེད།།

ནམ་མཁའ་སྐྱ་བོས་མཐོང་བ་ང་ཨེ་རེད།།
ས་གཞི་ནག་པོར་ཤོང་བ་ཁྱེད་ཡིན་ནམ།།
ཁུ་སིམ་འདི་ཡི་ཡོལ་བའི་ཕག་དེ་ན།།
ཁྱེད་ཀྱིས་བདུད་རྩི་བཞེས་ཏེ་བཞུགས་ཡོད་ཨང་།།


2013-11-04

བློང་བློང་ཡིད་གདུང་འདི་འདི་ཅི་ཞིག་རེད།།

དཀར་པོའི་མེ་ཏོག་ལྟ་བུའི་ཁ་བ་འདིས།།
ཁོ་བོའི་མགོ་བོ་ཡོངས་སུ་གཏུམ་གྱུར་ན།།
དམར་པོའི་མེ་ལྕེ་འདྲ་བའི་ཁྱེད་ཀྱི་སྙིང་།།
ད་ལྟ་བཞིན་དུ་ང་ལ་གཏོད་གྱུར་ཏམ།།

ནམ་ཞིག་འཇིག་རྟེན་འཁོར་མཚམས་ཆད་པ་ན།།
ང་ལ་གཏན་དུ་དགའ་ཞེས་གསུང་མཚམས་དེར།།
བརྟན་པར་བཞུགས་ཏེ་རྟག་བརྟན་འཛུམ་པའི་མདངས།།
ཁོ་བོའི་མིག་ཆུའི་གདོང་ལ་སྟོན་གྱུར་ཏམ།།

བློང་བློང་ཡིད་གདུང་འདི་འདི་ཅི་ཞིག་རེད།།
དུང་དུང་ངག་ཚིག་སྙན་སྙན་སུ་ལ་གྱེར།།
དྭངས་དྭངས་ཡིད་ཆེས་གཙང་གཙང་གང་ལ་བྱེད།།
ཁྱེད་ཁྱེད་གསུངས་དང་དང་བས་ཉན་ནས་ཡོད།།

2013-10-23

ངའི་འདུན་པ་མིན།

ཁུ་སིམ་འདི་ངའི་འདུན་པ་མིན་ལ།
འབྲེལ་བ་མི་བྱེད་པ་དེ་ངའི་བསམ་ཚུལ་མིན།

ཡུན་རིང་ཡུན་རིང་དུ་འཐམས་ཏེ།
ཁྲི་ཁྲི་འབུམ་འབུམ་ཞིག་བཤད་ལོས་ཐུབ་ཀྱང་།
བཟོད་མི་ཐུབ་པ་དེ།
མྱོང་མི་ཐུབ་པ་དེ། དེའི་མཇུག་གི་དགུན་ཁ་དེ་རེད།

ཁྱེད་རང་སྔར་བཞིན་སྤྲིན་པ་ལྟར་ཕེབས་རོགས།
ཁོ་བོ་སྔར་བཞིན་ཉི་མ་བཞིན་ཤར་ཡོད།
འོས་འཚམས་ཀྱི་རྒྱང་ཐག་དེ་ཡོད་ཕྱིན།
ཁྱེད་ཀྱིས་ང་བསྒྲིབས་ཆོག་ལ། ངར་བརྒྱན་ནའང་ཆོག


ཁུ་སིམ་འདི་ངའི་འདུན་པ་མིན་ལ།
འབྲེལ་བ་མི་བྱེད་པ་དེ་ངའི་བསམ་ཚུལ་མིན།

2013-10-05

བོད་ཀྱི་རང་སྲེག་ཞི་རྒོལ་ཆེན་མོ་རགས་གླེང་།


ཀིརྟི། ཟུག་རྔུའི་པུར་ཐལ། བསྟན་འཛིན་རིག་གྲོལ་གྱི་རི་མོ།
༅༅།། རྩོམ་ཡིག་འདིའི་བརྗོད་གཞི་གཙོ་བོ་བོད་ནང་རང་ལུས་མེ་སྲེག་གི་ལས་འགུལ་ཞིག་བྱུང་དང་འབྱུང་བཞིན་པ་དེའི་འབྱུང་རྩ་དང་། མ་འོངས་པར་དེ་ཚོའི་ཐད་གནང་ཕྱོགས་ཀྱི་སྐོར་ཡིན།  སྤྱིར་བཏང་འཛམ་གླིང་དུ་རང་ལུས་མེ་བསྲེགས་གཏོང་མཁན་ཉུང་ཉུང་མ་རེད། དཔེར་ན། ང་ཚོ་བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་ནང་དུ། འདས་པའི་ལོ་ ༡༥ རིང་ལོ་ལྟར་རང་ལུས་མེར་བསྲེགས་ཏེ་རང་ཤི་རྒྱག་མཁན་ཆིག་ཁྲི་བརྒལ་བ་ཡོང་གི་ཡོད་པ་དེས། རང་ཤི་རྒྱག་མཁན་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༡༡ ཟིན་གྱི་ཡོད།[1] རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་པར་མཚོན་ནའང་།  ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་ནང་རང་སྲེག་ངོ་རྒོལ་བྱེད་མཁན་ ༡༤༥༡ དང་། ཕྱི་ལོ་ ༢༠ ལོར་རང་སྲེག་ངོ་རྒོལ་བྱེད་མཁན་ ༡༥༨༤ བྱུང་ཡོད་པ་[2]དང་། ཏུ་ནི་ཤི་ཡའི་ནང་གསར་བརྗེ་བྱུང་ཚར་བའི་རྗེས་སུ་མི་ ༡༠༧ གྱིས་ལྐོག་ཟ་རུལ་སུངས་དང་ལས་མེད་ཀྱི་གནས་སྟངས་ལས་གྲོལ་ཆེད་རང་སྲེག་ངོ་རྒོལ་བྱས་པར་གྲགས་པ་[3]ལྟ་བུ་ཡིན།
        བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་བལྟས་ནའང་། བོད་དུ་རང་ལུས་མེར་བསྲེགས་ཏེ་དབང་སྒྱུར་སྟོབས་ཤུགས་ལ་ངོ་རྒོལ་བྱས་པ་དང་། རང་ལུས་མེར་བསྲེགས་ཏེ་མཆོད་ཡུལ་གོང་མར་མཆོད་པ་ཕུལ་བ་གཉིས་ཀ་ལོ་བརྒྱ་ཕྲག་མང་པོའི་གོང་དུ་བྱུང་མྱོང་བ་ཞིག་ལས། བོད་དུ་རྩ་བ་ནས་བྱུང་མ་མྱོང་བ་ཞིག་མ་རེད།[4]
    ཡིན་ནའང་། དུས་ཡུན་ཐུང་ངུ་ཞིག་གི་ནང་དུ། ཐུན་མོང་གི་དགོས་འདུན་ཆེད་དུ། མི་བརྒྱ་ཕྲག་བརྒལ་བས་གཅིག་མཇུག་གཉིས་མཐུད་དུ་རང་སྲེག་བྱས་ཏེ། དབང་སྒྱུར་སྟོབས་ཤུགས་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པའི་ཉེ་ཆར་གྱི་གནས་ཚུལ་ལྟ་བུ་ནི། བོད་ལ་དེ་སྔོན་རྩ་བ་ནས་བྱུང་མྱོང་མེད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་ལའང་མཐོང་དཀོན་པ་ཞིག་རེད།
        ཕྲན་གྱི་རྩོམ་ཡིག་དིའི་ནང་། ༡) རང་སྲེག་གི་རྣམ་པ་གཞན་ཁག་དང་རང་སྲེག་ཞི་རྒོལ་གྱི་ཁྱད་པར། ༢) བོད་ཀྱི་རང་སྲེག་ཞི་རྒོལ་གྱི་འབྱུང་རྩ། ༣) དེའི་ཁྱད་ཆོས། ༤) རང་སྲེག་ཞི་རྒོལ་གྱི་ནུས་པ། ༥) མ་འོངས་བྱེད་ཕྱོགས་བཅས་རྩ་བའི་དོན་ཚན་ལྔ་ལ་དབྱེ་ནས་ཞུ་གི་ཡིན།

2013-09-24

སྙིང་ནས་དགའ་ཞེས་འབོད་པར་འདོད།།



མ་གཏོར་འབབ་པའི་ཆར་པའི་རྒྱུན།།
ཁྱེད་ཀྱི་མིག་ཆུ་ཨེ་རེད་ལགས།
མ་སྤར་འབར་བའི་མེ་རིའི་དབལ།།
ང་ཡི་བརྩེ་དུང་རེད་འདུག་གམ།།

མཚན་གྱི་ཟླ་བ་ཁེར་འགྲོ་དེར།།
སེམས་སྡུག་རི་བོང་རི་མོ་བཀྲ།།
རླུང་གིས་འཁྱེར་བའི་རྩྭ་ཡན་ཚོགས།།
ལམ་ཟུར་ཤུར་ཤུར་རྒྱུ་ཞིང་འཁངས།།

ལང་ལོང་གྲོང་གི་འདུ་འཛི་ནས།།
མཐོན་པོའི་རི་གཅིག་འཛེགས་པར་འདོད།།
ཁྱེད་ཀྱིས་གསན་རུང་མ་གསན་རུང་།།
སྙིང་ནས་དགའ་ཞེས་འབོད་པར་འདོད།།

མཚོ་མཐའི་རླུང་གིས་སྐྲ་གཟེངས་བཞིན།
ཁོ་བོའི་སེམས་ཀྱི་རྦ་རླབས་གཡོས།།
དྲན་སྣང་ཁྲོད་དུ་འཚོ་བའི་སྙིང་།།
ནམ་ཡང་ཁྱེད་ལ་རྒས་མི་སྲིད།།

མ་འཕེན་མྱུར་འགྲོའི་སྐར་མདའ་ཡིས།།
འགྱུར་བ་མཚོན་ལ་མི་འགྱུར་མཚོན།།
མ་བཅོས་ངག་འདི་མཚོན་ནུས་པའི།།
དཔེ་ཞིག་གང་ན་སུར་མཆིས་ཨང་།། །།

2013-09-01

ང་རང་རི་བོ་ཡིན་དགོས་སོང་།

རླུང་ཆར་གྱི་གཙེ་ས་ནས།
གངས་རྡུལ་གྱིས་བརྡུང་ས་ནས།
བུ་ཕྲུག་དང་ཁྱེད་ཀྱི་ཆེད་དུ།
ང་རང་རི་བོ་མིན་ཡང་ཡིན་དགོས་སོང་།

འཐམ་ཤོག འགྱུར་མེད་ཀྱི་སྙིང་རྟེན་གཅིག་དགོས་ན།



 མིག་ཆུ་མང་ས་ནས།
མིག་ཆུ་ལ་རིན་ཐང་མེད་ས་ནས།
སྙིང་དྲོད་འདི་སྤེལ་བཞིན།
སྤུན་ཟླ་དང་ཁྱེད་རང་གི་དོན་དུ།
ང་རང་རི་བོ་མིན་ཡང་ཡིན་དགོས་སོང་།

ཡིད་ཆེས་མཛོད་ཅིག འགྱུར་མེད་ཀྱི་གཤིས་ཀ་འདི་ལ།

ཐམས་ཅད་འགྱུར་ངེས་ཀྱང་།
རི་བོའི་རླིང་བརྗིད་ཀྱི་བརྩེ་དུང་འདི་རྒས་མི་སྲིད།
ཡོད་ཚད་འཇིག་ངེས་ཀྱང་།
ནམ་མཁར་བསྙེགས་པའི་སྤོབས་པ་འདི་ཡལ་མི་སྲིད།

ནམ་ཞིག
ངའི་རྨི་ལམ་གྱི་ཞིང་ཁམས་དེར་བུ་ཕྲུག་ཚོ་སླེབས་དུས།
ང་རྡེའུ་ཆུང་ཆུང་ཞིག་ཏུ་མངོན་ངེས་ཀྱང་།

དེ་ནི་ང་རང་རི་བོ་ངོ་མ་ཡིན་པའི་དན་རྟགས་ཉག་ཅིག་ཡིན།

2013-08-29

འཆར་སྣང་། འགྲུལ་བཞུད། བསམ་གཞིགས།

༡) སུས་བྲིས་མིན་མི་ཤེས་ལ། གང་ནས་མཐོང་མིན་ཡང་མི་དྲན། གང་ལྟར་ངའི་དྲན་ལམ་དུ་གསལ་བའི་སྙན་ངག་ཅིག་ཏུ། 
“ཁོ་བོའི་སེམས་འདི་ཁྱེད་ཀྱིས་མཁྱེན་པར་དཀའ།། 
ཁོ་བོའི་དུང་བརྩེ་ཁྱེད་ཀྱིས་ཚོར་མི་སྲིད།།”ཅེས་པ་ཞིག་འདུག

སྙན་ངག་དེར་བསམ་བཞིན་ངས་ནམ་མཁར་བལྟས། ནམ་མཁར་ཉི་མ་འཆར་འདུག ཡིན་ནའང་ངའི་སེམས་པ་ད་དུང་གྲང་སིལ་སིལ་ཞིག་ཡིན། གལ་ཏེ་གོང་གི་སྙན་ངག་དེ། ང་དང་ཉི་མའི་འབྲེལ་བར་སྦྱར་ཚེ། ང་ཉི་མ་ཡིན་ཟེར་དགོས་སམ། ང་རང་ཡིན་ཟེར་དགོས་རེད། ཉི་མས་ང་ལ་དྲོད་སྦྱིན་བཞིན་ཡོད་ཀྱང་། ངས་དྲོ་སྐྱིད་ཚོར་བཞིན་ཡོད་དམ། ལྡོག་སྟེ་བསམས་ན། དྲོ་སྐྱིད་དུ་མ་ཚོར་བ་དེ། ངའི་སྐྱོན་རེད། ཡང་ན་ཉི་མའི་སྐྱོན་རེད། ཉི་མས་ང་ལ་དེ་ཙམ་གནང་ཡང་། ངས་ཉི་མ་ལ་ཅི་ཞིག་སྦྱིན་བཞིན་ཡོད་དམ། ཧ་ཅང་སྟབས་བདེ་བའི་གནས་ཚུལ་འདི་ཚོར་དཔྱད་ཀྱིན་དཔྱད་ཀྱིན། མགོ་རྙོག་ཏུ་རྙོག་ཏུ་འགྲོ་བས། སྐབས་རེ་འདི་ཚོར་བསམ་གཞིགས་བྱེད་པའི་ང་རང་ཅོལ་ཆུང་ནང་གི་ཡང་ཆུང་རེད་དྲན།

༢) རི་རྩེར་ཉི་འོད་འོག་ཏུ་ལངས་ནས་ཡུན་རིང་ཞིག་ལ། ངས་ཐག་རིང་གི་རི་བོ་དང་། རི་གཤམ་གྱི་གྲོང་གསེབ་དག་ལ་བལྟས་བསྡད། ང་རང་འདི་ལྟར་ཡུལ་ལྗོངས་ལ་བལྟས་ནས་སྡོད་རྒྱུར་དགའ་པོ་ཡོད་ཀྱང་། ངའི་གྲོགས་པོ་ཁ་ཤས་ཀྱིས། ངའི་བྱེད་སྟངས་འདི་“མགོ་སེར་ཚོའི་”ཤན་ཞུགས་པའི་རྟགས་རེད་ཟེར།

མ་གཞི་ངའི་ཕ་ཡུལ་གྱི་རྒན་རྒོན་ཚོས། “ས་སྐྱིད་པོ་”དང་། “དགོན་པ་བྱིན་རླབས་ཅན་”ཟེར་བ་ལས། “བཞུད་ཁའི་ཉི་མའི་མཛེས་པ་ལ” “རི་རྩེའི་སྤྲིན་རིམ་དེ་སྙིང་རྗེ་བ་ལ་”ཟེར་བ་ཞིག་ངས་གོ་མྱོང་མི་འདུག ཡིན་ནའང་དེས་བོད་མི་ཚོར་མཛེས་སྡུག་གི་འདུ་ཤེས་དང་ངོས་འཛིན་མེད་པའི་རྒྱུ་མཚན་དུ་འགྲོ་ཐབས་མེད་པར། ཏག་ཏག་དེའི་ལྡོག་ཕྱོགས་སུ་འགྲོ་གི་རེད་སྙམ།

2013-08-17

ཆར་ཟིམ་ཁྲོད་ན་དྲན་པ་གང་།

ཆོས་ཉིད་ཆོས་སུ་མ་གཟིགས་པའི།།
ཡེ་ཤེས་ལོང་བ་ཁྱེད་ལ་འདུད།།
བརྩེ་མེད་ཆེས་བརྩེའི་ཡུལ་གཟིགས་པའི།།
མཁས་དབང་གླེན་པ་དེ་ལ་བསྟོད།།

ཞོགས་པ་ལངས་པའི་དང་པོ་ལ།།
ཆར་ཟིམ་ཁྲོད་ན་དྲན་པ་གང་།།
དགོང་མོ་ཉལ་བའི་རྟིང་མ་ལ།།
རྨི་ལམ་ནང་དུ་སྨོན་པ་ཅི།།

ཧམ་དྲི་འཐུལ་བའི་ཁང་ཆུང་འདི།།
བོད་ལ་ཡོད་ན་ལྷ་ཡུལ་རེད།།
ཆད་དུས་མེད་པའི་ཆར་པ་འདི།།
བོད་དུ་ཡིན་ན་བདུད་རྩིར་ངེས།།

2013-08-05

རང་ཚུལ།

ཤེས་ཟིན་གནམ་འདིའི་དབུས་ན།།
མ་ཤེས་སྐར་མ་ཡོད་ཅེས།།
མཚོར་འཛུལ་ས་ལ་མཆོངས་པའི།།
སྦལ་པ་ང་ཡི་གཤིས་ཀ།།

གངས་རི་སེམས་ན་སྦྲུམ་སྟེ།།
ཡངས་པའི་རྒྱལ་ཁམས་ཐང་ལ། །
ཤེད་ཀྱིས་རྒྱུག་ཅིང་ལྡིང་བའི།།
རྒོད་མ་ང་ཡི་རུས་པ།།

2013-08-03

སྤྲིན་པ།

དཀར་ལོང་ལོང་དུ་ནམ་མཁའ་ནས་རྒྱུ་དུས།
ངའི་སེམས་པ་ཉི་འོད་བཞིན་གསལ་ཡོད།
དེ་ནས་
དེ་ནས་   ཁྱེད་ཀྱི་སྙིང་ཁ་ལ་ཐུག་པས།
ངའི་ལུས་སེམས་ཇེ་ལྗིད་དུ་སོང་།

ནག་ལྷོག་ལྷོག་ཏུ་འཕྱོ་འགྲོ་དུས།
ངའི་སེམས་ལ་སྡུག་གི་རྒྱ་མཚོ་འཁྱིལ་ཡོད།
མི་རིང་བར་
མི་རིང་བར་  ངས་མིག་ཆུའི་རྒྱ་མཚོ་འདི་ཐེག་ཐབས་བྲལ་འདུག

2013-07-27

སླར་ཡང་མཇལ་ཡོང་།

རྣམ་ཤེས་ཡོད་ཟེར་བའི་རི་ཚོགས་དེའི་རྒྱབ་ན།
འགྲོ་འདོད་ཡོད་པ་ཁྱེད་རང་རེད་ལ་ང་རང་ཡང་ཡིན།
དགོན་ཤུལ་ན་བསྐྲུན་པའི་ཁང་བརྩེགས་འདི་ཚོའི་ནང་ན།
སྡོད་འདོད་མེད་པ་དེ་ང་གཅིག་པུ་ག་ལ་ཡིན།

སྤུན་ཟླ། ཁྱེད་རང་སླར་ཡང་རང་ཡུལ་གྱི་བཙོན་དོང་དུ་ཕེབས་དུས།
ང་རང་མུ་མཐུད་གཞན་ཡུལ་འགྲིམས་དགོས་འདུག

ང་ཚོའི་ལྷན་འཛོམས་དེ་སོག་པོའི་ལུག་ཤ་བཞིན་ཞིམ་ཡང་།
ང་ཚོའི་གནས་སྟངས་དེ་རྦི་རག་གི་ལྦུ་བ་བཞིན་ཧ་ཅང་ཧ་ཅང་གིས་སྐྱེན་ཨང་།

སླར་ཡང་མཇལ་ཡོང་། ཤ་ཁྲག་གཅིག་པའི་སྤུན་ཟླ།
རང་ཡུལ་གྱི་བཙོན་དོང་གཏོར་ཏེ།
གཞན་ཡུལ་གྱི་མིག་ཆུ་སྐམ་སྟེ།
རང་དབང་དང་དྲང་བདེན་གྱི་ཉི་མའི་འོག་ཏུ།
              ང་ཚོ་སླར་ཡང་མཇལ་ཡོང་།

2013-07-24

༸བཅུ་གསུམ་པ་ཆེན་པོ།


རླངས་འཁོར་ནས་བབས་དུས། ངའི་རྐང་པ་འཇོག་ས་དེ། ལོ་བརྒྱའི་གོང་དུ། ཁྱེད་ཉིད་ཉེན་གཡོལ་དུ་ཕེབས་ས་དེ་ཡིན་པ་ཤེས་པས། ངས་ཕུག་རོན་གྱིས་གཤོག་སྒྲའི་དབར་ནས། ས་གཞིར་འགྲམ་པ་སྦྱར་ཏེ། སྙིང་དྲོན་མོས། གྲང་ཤུར་ཤུར་གྱི་སྐྱོ་གར་དེ་མྱོང་བཞིན་ཡོད། ༸བཅུ་གསུམ་པ་ཆེན་པོ།

བཙན་དབང་གི་ལྕགས་སྒྲོག་བཅད་དེ། རང་བཙན་གྱི་ཆིངས་ཡིག་འཇོག་ས་འདི་ནས། བོད་རིག་པ་བ་ཚོས། ཅི་ཞིག་གླེང་རུང་། གང་ཞིག་བཤད་རུང་། བྱེ་རླུང་གིས་བསུབ་ཟིན་པའི་ཁྱེད་ཀྱི་ཞབས་རྗེས་དེ། བསྐྱར་མངོན་བྱེད་ཐབས་མ་རེད་ལ། གངས་ལྗོངས་ན། ཚེ་སྲོག་གསོན་བསྲེགས་བྱེད་བཞིན་པ་དེ། མཚམས་ཆད་ཐབས་ཀྱང་རེད་མི་འདུག ༸བཅུ་གསུམ་པ་ཆེན་པོ།

ཏཱ་ཁུ་རལ་གྱི་ལས་ལུགས་ཇི་བྱུང་བོད་དུ་ཡོང་ངེས་ཤིང་། དེ་དུས་སྐྱ་སེར་ཚང་མ་ཉིན་མཚན་མི་འཁྱོལ་བའི་དུས་ཤིག་ཤར་ངེས་ཞེས་གདམས་མཁན་གྱི་ཁྱེད་ཀྱིས། གངས་ཕྲུག་ང་ལོ་བརྒྱའི་རྗེས་སུ་འདི་རུ་སླེབས་ངེས་པའང་ལོས་མཁྱེན། ༸བཅུ་གསུམ་པ་ཆེན་པོ།

2013-07-23

དར་དཀར་སྔོན་གྱི་དམ་ཚིག

པི་ཝང་རྟ་མགོས་དྲངས་པའི་དབྱངས་ཀྱི་རྟས།།
བོད་སོག་མཉམ་སྦྲེལ་ལོ་རྒྱུས་མཁའ་ནས་དྲངས།།
རྒྱལ་བསྟན་ལ་རྒྱ་མཐུན་པའི་དྲི་བསུངས་དེ།།
ལུག་ཤའི་མོག་མོག་བཞིན་དུ་སྙིང་ཁར་ཞིམ།།

རྩྭ་ཐང་ཕྱེད་དང་བྱེ་ཐང་ཕྱེད་ཅན་གྱི།།
ལ་རྒྱབ་དེ་ནས་ཀི་སྒྲ་འུར་འུར་ངང་།།
རྟ་དམག་བྱེ་བས་སུམ་གཉིས་ས་ཡི་ཁྱོན།།
རྨིག་པས་བཟུང་བའི་དཔའ་སྐད་ང་ཡིས་ཚོར།།

ཤ་ཆང་མར་གྱི་རོ་ཡིས་མ་ཚིམ་པར།།
ཅི་ཞིག་འཚོལ་བའི་སྙིང་དེ་རི་སྤྱང་བཞིན།།
རྒོད་མའི་ཆང་གིས་རབ་མྱོས་སྙིང་ཆེན་དེ།།
སུ་ཞིག་སྒུག་པ་དགུན་གྱི་རྩྭ་ཐང་བཞིན།།

2013-07-16

ཁྱེད་རང་འདོད་ན་ང་དང་མཉམ་དུ་འགྲོ།

ལྷད་མེད་དྲོད་ཀྱིས་དྲངས་པའི་བརྩེ་བའི་ཤུགས།།
མཁའ་ལ་ཆགས་པའི་སྤྲིན་པ་དེ་དག་རེད།།
ཁྱེད་ལ་དགོས་པ་ཆར་ཟིམ་ཡིན་གྱུར་ན།།
དམར་ཆུང་སྙིང་གི་རི་རྩེར་བྱ་ར་བྱོས།།

དྲན་པ་གླུ་རུ་བླངས་པའི་བསྟན་དོན་དེ།།
ཤུར་ཤུར་འགྲོ་བའི་རྒྱུག་ཆུ་གཉིས་དེ་རེད།།
ཁྱེད་ལ་མཁོ་བ་མཉམ་འཛོམས་ཡིན་གྱུར་ན།།
མ་གིར་འདུས་མདོ་ཨེ་འདུག་གཟིགས་པར་འཚལ།།

2013-07-14

གྱེས་ཁའི་ལམ་མདོ།


ཚང་ཚིང་ནགས་ཀྱི་ཁྲོད་ན་ལམ་ཆུང་གཉིས།།
ང་རང་གཡས་འགྲོ་ཁྱེད་རང་གཡོན་འགྲོ་རེད།།
མཉམ་དུ་འགྲིམས་པའི་ལམ་ཐག་རིང་པོ་དེ།།
དགོད་སྒྲས་ཁེངས་ཀྱང་ད་ནི་སྐྱོ་བའི་རྒྱུ།།

ང་རང་གཡས་ལམ་འགྲོ་དགོས་བསྐོས་ཐང་རེད།།
ཁྱེད་རང་གཡོན་ལམ་འགྲོ་དགོས་འདམ་ག་རེད།།
ཐུན་མོང་ལམ་གཅིག་མེད་པའི་ནགས་གསེབ་ཏུ།།
རེ་བའི་བྱ་སྒྲོས་སྨོན་པའི་ཤིང་ལོ་བྲིས།།

སྙིང་གི་གཏིང་ནས་ཐོན་པའི་ཁ་རླངས་ཀྱིས།།
རླུང་ཁམས་ཧྲིལ་པོ་བརྩེ་བས་ཁྱབ་པར་བྱས།།
རྐང་གི་རུས་པ་དྲོད་པའི་ཟབ་ཚད་དེ།།
མིག་ཆུ་གྲང་མོས་ནམ་ཡང་མཚོན་ཐབས་དབེན།། 

2013-07-08

ཆུ་མོའི་གཞུང་གི་ལོ་མ།

ཆུ་མོའི་གཞུང་གི་ལོ་མ་ཡིས།།
དལ་གྱིས་འཕྱོ་བའི་རྦ་རླབས་བསྙེགས།།
ནམ་མཁའི་མཐོངས་ཀྱི་གླག་རྒོད་ཀྱིས།།
ས་གཞི་ཆེན་པོར་གྲིབ་ནག་ཕབ།།
ཁྱེད་རང་རྦ་རླབས་ཡིན་པ་འདྲ།།
ང་རང་གྲིབ་མ་ཡིན་ཡང་ཆོག །
 

དལ་གྱིས་འབབ་པའི་ཁ་བ་དེ།།
སེམས་ཀྱི་ལག་ནང་བཞུ་ལ་ཁད།།
ལོ་མའི་སྟེང་གི་ཟིལ་པ་དེ།།
ལྷམ་གྱི་རྡོག་པས་གཏོར་ལ་ཁད།།
ཁྱེད་རང་ཁ་བ་ཡིན་ནམ་མིན།།
ང་ནི་ལྷམ་དེ་གཏན་ནས་མིན།།

སྙིང་ལ་སིམ་པའི་རི་མོ་དེ།།
རྣ་བར་སྙན་པའི་རོལ་མོ་རེད།།
འགྱུར་ཁུགས་རེ་རེའི་བར་མཚམས་ནས།།
ཁྱེད་ཀྱི་དགའ་སྐྱོའི་རྣམ་འགྱུར་མཐོང་།།
ཁྱེད་ཀྱི་འགྱུར་མེད་སྙིང་ཡང་རིག

གྲང་ངད་ཆེ་བའི་དགུན་དུས་འདིར།།
སེམས་པ་དྲོད་པའི་མེ་ཞིག་ཡོད།།
ཁེར་གདུང་ཆེ་བའི་མཚན་མོ་འདིར།།
ལག་པ་བསྲིངས་སའི་ཁྱེད་རང་ཡོད།།
ཁྱེད་རང་རོལ་དབྱངས་མེ་ལྕེ་རེད།།
ང་རང་གཞས་ཚིག་མེ་ཤིང་ཡིན།། །།

2013-07-06

མིག་ཆུས་བསྒྲིབས་པའི་ལག་རས།

ནག་ནག་མུན་པ་ཡི་ཡོལ་བས།།
ཕྱི་རོལ་འཇིག་རྟེན་དེ་བཏུམས་ཚེ། །
ཁྱེད་རྗེས་སྙེག་པ་ཡི་རྐང་ཟུང༌།།
རྟ་ཕོའི་རྒྱུག་ཤེད་ཀྱི་དོ་ཟླ།།


རླུང་ཡན་ཧུར་ཧུར་གྱི་སྒྲ་ལས།།
ཁྱེད་རང་ཐོན་ཁ་ལ་འདུག་ཟེར།།
ལུས་པོ་བདེ་འདོད་ཅིག་བསམས་ཀྱང༌།།
སེམས་པ་སྡོད་ཚུགས་རང་མི་འདུག །


མི་ཡུལ་མུན་ནག་གི་ནང་དུ།།
མི་ངའི་དགའ་ས་དེ་ཁྱེད་ཉིད།།
ཁྱེད་རང་ཐོན་ནའང་ཆོག་ག།།
ང་ཡི་སེམས་པ་འདི་གཞག་རོགས། །


ཕྱོགས་མཚམས་མི་ཚོགས་རེའི་ཐོག་ལ།།
རེ་བའི་མིག་མྱུལ་རེ་བྱས་ཀྱང༌།།
འདྲ་འདྲ་མང་པོ་ཞིག་མ་གཏོགས།།
ཁྱེད་ཀྱི་གཟུགས་བརྙན་ཡང་མ་མཐོང༌།།

2013-07-04

གངས་སྒུག་རྩྭ་ལྗང་།

ཉི་འོད་དང་དྲོད་གཤེར་གྱི་བར་ནས།
ང་ལ་མཁོ་བ་དེ། གངས་མ་རེད་ཟེར་ཡང་། ངས་གངས་ལ་སྒུག་བཞིན་ཡོད།
 

ཆར་ཐིགས་དང་འོད་ཐིགས་ཀྱིས་སྙིང་ཁར་སིམ་ས་ན།
སྐྱུར་སིར་སིར་དུ་བསྐྱུར་བ་འདི་བརྩེ་དུང་ཨེ་རེད།

2013-07-03

མ་འགྲིམས་པའི་ལམ།

The Road Not Taken

By Robert Frost རོ་བྷར་ཊི་ ཧྥོ་རོ་སེ་ཊིས་བརྩམས།
Translated by Chung Tsering  ཆུང་ཚེ་རིང་གིས་བསྒྱུར།
 
Two roads diverged in a yellow wood
And sorry I could not travel both
And be one traveler, long I stood
And looked down one as far as I could
To where it bent in the undergrowth;

སེར་མདོག་ནགས་ནང་ལམ་ཁ་གཉིས་སུ་གྱེས།།
འགྲུལ་མི་གཅིག་གིས་གཉིས་ཀ་ཡོང་མིན་འགྱོད།།
ཡུན་རིང་བསྒྲེངས་བཞིན་ཐག་རིང་གཞོལ་མཚམས་ཀྱི།།
ལམ་མཐའི་ཕྱོགས་དེར་ཁོ་བོས་ཅི་ཐུབ་ཅེར།།


Then took the other, as just as fair
And having perhaps the better claim,
Because it was grassy and wanted wear;
Though as for that, the passing there
Had worn them really about the same,

2013-06-30

ཞོ་འཚོང་མཁན།།

The Curd Seller

མ་སེ་ཐི་ ཝན་ཀ་ཐེ་ས་ ཨི་ཡན་གྷར་(Maasthi Venkatesa Iyengar)གྱིས་བརྩམས། ཆུང་ཚེ་རིང་གིས་བསྒྱུར།

༈ མན་གྷམ་མ་ཡིས་ང་ཚོའི་ཁྱིམ་ལ་འཆར་ཅན་དུ་ཞོ་མཁོ་སྤྲོད་བྱས་ཏེ་ལོ་ཤས་འགྲོ་ཡི་ཡོད། ང་ཚོའི་བར་གྱི་ཚོང་འབྲེལ་དེ་ནི་བྷེང་ལོང་གྲོང་ཁྱེར་གྱི་དམིགས་བསལ་ཁྱད་ཆོས་ཤིག་རེད། ས་གནས་
གཞན་དུ་ཞོ་འཚོང་མཁན་གྱིས་ཁྱེད་ཀྱི་དགོས་མཁོའི་ཞོ་རྣམས་ཉིན་ནས་ཉིན་བསྟུད་དེ་མཁོ་སྤྲོད་བྱེད་པ་དང༌། དེའི་རིན་འབབ་རྣམས་ཟླ་མཇུག་ལ་ལེན་པ་རེད། འདིར་མཁོ་སྤྲོད་དང་རིན་འབབ་རྩིས་རྒྱག་གཉིས་ཉིན་གཅིག་ལ་བྱེད་པའི་ཐོག ཁྱེད་རང་གིས་ཉིན་ལྟར་ངེས་པར་དུ་ཞོ་ངེས་ཅན་ཞིག་ཉོ་དགོས་པའི་འཆིང་རྒྱ་དེ་མེད། མན་གྷམ་མ་ང་ཚོའི་སྡོད་ཁུལ་ནས་ག་དུས་སོང་ནའང་། ང་ཚོར་མོ་རང་གི་ཞོ་རྩེ་གྲ་དེ་དགོས་མིན་འདྲི་ཡི་རེད། ང་ཚོར་དགོས་མཁོ་ཡོད་ན་ཉོས་ཏེ་སྐབས་དེའི་ཡུལ་ཐང་ངམ། ཡང་ན་གོང་ཚད་འཕར་ཆག་མཐའ་མ་དེ་གཞི་བཟུང་རིན་པ་ཉིན་དེ་རང་ངམ་དེའི་ཕྱི་ཉིན་སྤྲོད་ཀྱི་ཡོད།

2013-06-26

སྙིང་གི་འཕར་རྩས་མཚོན་པ།

སྙིང་གི་འཕར་རྩས་མཚོན་པའི་རི་བོ་འདི།།
ཇི་ཙམ་བརྟན་ཀྱང་ན་བུན་སངས་དུས་བྲལ།།
རླུང་ནང་མར་མེས་མཚོན་པའི་མེ་ཏོག་དག །
ཇི་ལྟར་མཛེས་ཀྱང་དེ་ལྟར་མི་རྟག་ཉིད།།

ཆུ་འགྲམ་རྐང་རྗེས་ཟུབ་ངེས་ཁོ་བོས་ཤེས།།
ཆང་གི་མངར་ཁར་སྐྱུར་རྩི་འདྲེས་པའང་རྟོགས།།
ཁས་ལེན་དམ་བཅས་མནན་པའི་སྙན་ངག་རྣམས།།
ཞག་པོ་གཅིག་ལ་འགྱུར་སྙམ་ཡིད་ལ་མེད།།

སྐད་ཅིག་གཅིག་ལ་བཅད་པའི་འབྲེལ་ཐག་འདི།།
ལོ་ངོ་ཟླ་ངོར་རིང་བ་སུ་ཡིས་ཤེས།།
ཆུ་ཆེན་ཐོག་གི་ཤིང་ཟམ་ཐབས་སྡུག་འདིས།།
ནམ་ཕུགས་འཁྱོལ་བའི་ཡིད་ཆེས་སྔར་ནས་མེད།།

2013-06-20

བརྟན་སྐྱོད།



རྩོམ་ཡིག་འདི་ཕྲུ་གུ་ཚོའི་ཆེད་དུ་ལོ་བཅུ་གྲངས་གོང་བྲིས་པ་ཞིག་ཡིན་ཞིང་། དེ་རིང་བཟོ་བཅོས་ཕྲན་བུ་བྱས་ཡོད།

༄༅།། ལོ་ངོ་བརྒྱ་ཙམ་གྱི་སྔོན་དུ་མི་རྣམས་སྣུམ་འཁོར་ནང་སྐྱོད་སྐབས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོད་མེད་སྐོར་ལ་ཁྱེད་ཀྱིས་བསམ་གཞིགས་གནང་མྱོང་ངམ། དེ་དུས་སྣུམ་འཁོར་ནང་འཛུལ་དེ་སྐྱོད་སྐབས་མི་ཚོར་སྤྲོ་སྣང་གསར་པ་ཞིག་འབྱུང་གི་ཡོད་ལ། དེ་དང་མཉམ་དུ་ཞེད་སྣང་ཡང་ཆེན་པོ་ཡོང་གི་ཡོད། དེ་དུས་ལམ་ཁ་མང་ཆེ་བ་ཁོད་མི་སྙོམ་ཞིང་གུ་དོག་པོ་ཡིན་ལ་སྟེགས་ཆིངས་(Seat belt)མེད་སྟབས། ལམ་ངན་རེ་ཐུག་པ་དང་སྣུམ་འཁོར་གྱི་འཁྲུག་ཧ་ཅང་ཆེ་བས་རྐུབ་སྟེགས་ཐོག་སྡོད་རྒྱུའང་ལས་སླ་པོ་ཞིག་མིན།
           དེ་དུས་སྣུམ་འཁོར་གྱི་ཁ་འགོག་བྱེད་(Brake)ཀྱང་དེང་དུས་ནང་བཞིན་ཡག་པོ་མེད་ལ། རླུང་འགོག་ཤེལ་སྒོར་(Windshields)འཕྱིས་བྱེད་(Wiper)མེད་སྟབས་གངས་དང་ཆར་པ་བབས་སྐབས་ཁ་ལོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེ་དུས་བརྟན་ཆ་ཅན་གྱི་ཤེལ་སྒོ་(Safety glass)དང༌། རླུང་ཕད་(Airbag)མེད་སྟབས་འགྲིམ་འགྲུལ་ལས་འཛོལ་ཆུང་ངུ་ཞིག་གིས་ཀྱང་ཁ་ལོ་བ་དང༌། འགྲུལ་མི་ཚོར་གནོད་སྐྱོན་ཚབས་ཆེན་བཟོ་ཡི་ཡོད།

2013-06-18

རྟ་སྤྱོད་མཁན་མཐོང་རྒྱུ་མི་འདུག

༅༅།། ང་ཡི་མིང་ལ་རྟ་ཕོ་རླུང་གཤོག་རྐྱང་པོ་ཟེར། ངའི་ཕ་མའི་ཕ་མ་ཚོར་ཐེར་ཀ་འདྲུད་དགོས་པ་སོགས་ཀྱི་ལས་ཀ་ཤིན་ཏུ་མང་ཡོད་ཅིང༌། དུས་དེར་མི་ཚང་མས་ཁོང་ཚོ་གལ་ཆེན་པོར་འཛིན་གྱི་ཡོད། ཡིན་ནའང༌། ང་ལ་མཚོན་ན་དངོས་གནས་ཁག་པོ་འདུག “རྟ་འདྲུད་འཁོར་ལོ་”རྣམས་ཀྱི་ཚབ་ཏུ་ད་ཆ་“རྟ་མེད་འཁོར་ལོ་“སྟེ

མི་ཚོས་ལོ་ངོ་སྟོང་ཕྲག་གི་རིང་དུ་རྟ་བེད་སྤྱོད་བྱས་སྟབས། རྒྱུན་རིང་བེད་སྤྱོད་བྱས་པའི་དངོས་པོ་ཡག་པོ་ཞིག་དོར་ཏེ་རང་འགུལ་འཕྲུལ་འཁོར་ལྟ་བུའི་ཅ་དངོས་ཁྱད་མཚར་དག་ལ་ལམ་སེང་དགའ་པོ་བྱས་མེད་པ་ནི་ཨ་ཅང་ཅང༌།

ཕྱི་ལོ་ ༡༧༦༩ ལོར་ཕ་རན་སིའི་མི་མིང་ལ་ ནི་ཁོ་ལསེ་ ཇོ་སེཧཕ་ ཁུག་ནོ་ཊི(Nicolas-Joseph Cugnot)ཞེས་པ་དེས་ལམ་བརྒྱུད་སྐྱེལ་འདྲེན་འཁོར་ལོ(Road vehicle)ཐོག་མ་དེ་
བསྐྲུན་པ་རེད། དེ་ནི་དུད་འགྲོས་འདྲུད་མི་དགོས་པའི་སྐྱེལ་འདྲེན་འཁོར་ལོ་ཞིག་ཡིན་ཞིང་། དེ་རླངས་ཤུགས་ལ་བརྟེན་ནས་འགྲོ་ཐུབ་ཀྱི་ཡོད། དེའི་གོང་དུ་སུས་ཀྱང་རང་གི་ནུས་པས་འགྲོ་ཐུབ་པའི་སྐྱེལ་འཁོར་ཞིག་མཐོང་མྱོང་མེད་པ་རེད།

2013-06-14

ཕྲ་སྣང་།

ནམ་མཁའ་བཞིན་དུ།
སེམས་པ་འདིས་དྲན་དུས།
ཆུ་མོ་བཞིན་དུ། སེམས་གཏིང་ལ་བཞུར་བ་དེ་མིག་ཆུ་ཙམ་མ་རེད།

གཞན་ཡུལ་གྱི་མེ་ཏོག་ཐང་ན།
ངས་ཕ་ཡུལ་གྱི་དྲི་ཞིམ་མ་ཚོར་བས།
རི་བོ་བཞིན་དུ། སྙིང་ཁོང་ན་འགྱིངས་པ་འདི་སྤོབས་པ་ཙམ་མ་ཡིན།

དྲན་ལམ་དུ་གསལ་བའི་བོད་དེ།
དྭངས་ཆུའི་མཐིལ་གྱི་རྡོ་ཧྲུག་བཞིན་མཐོང་བཞིན་པར།
ངས་རང་གི་བུ་ཕྲུག་གི་སྙིང་ཁ་ལ་འབྲི་སྙིང་འདོད།

ཕྲ་བའི་མཐར་ཐུག་དེ་ཡང་སྣང་ནུས་པའི།
ཨ་མའི་གསུང་སྐད་ཀྱི་མར་མེ་དེ།
རླུང་འཚུབ་འདིའི་ཁྲོད་ནས་
དྲག་ཆར་འདིའི་དཀྱིལ་ནས།
ངས་ཇི་ལྟར་རང་གི་བུ་མོར་བརྒྱུད་སྤྲོད་ཐུབ་བམ།

གཉིད་མེད་པའི་རྨི་ལམ་ནས་སད་ཐེངས་རེར་
ངའི་གཞན་ཡུལ་གཞན་སྐད་ཀྱི་འཚོ་བ་འགོ་ཚུགས་ཤིང་།
སྙིང་མེད་པའི་མི་ཚོས་སྙིང་སྟོབས་གླེང་ས་ནས།
ངས་རྒྱལ་ཞེན་གྱི་རྩིག་རྨང་དེ་ཟབ་ས་ན་ཡོད་པར་ཚོར།

ནམ་མཁའ་བཞིན་དུ།
སེམས་པ་འདིས་དྲན་དུས།
མེ་ལྕེ་བཞིན་དུ། སྙིང་གི་ཟབ་ས་ན་འབར་བ་དེ། སྙིང་སྟོབས་ཙམ་མ་རེད།

2013-06-03

ཉིན་གཅིག་གི་དངོས་མཐོང་།

(རྩོམ་ཡིག་འདིར་ཞུ་དག་སོང་མེད།)

སྨ་ར།
གློག་སྐས་དེ་ནས་མར་བབས་ཡོང་དུས། གཡོན་ངོས་དེ་ནས་འགྲུལ་པ་ཚོས་སངས་རྒྱས་ཀྱི་སྐྱབས་སྦྱིན་དང་ཆོས་འཆད་སོགས་ཀྱི་ཕྱག་


རྒྱ་དེ་ཚོ་མཇལ་ངེས་ཡིན། ཕྱག་རྒྱ་དེ་དག་གསལ་བའི་གཟུགས་བརྙན་ནི་གསེར་ཟངས་ལས་བཟོས་ཏེ། རྩིག་ལྡེབས་སུ་དཔྱངས་བཞག་པ་ཞིག་རེད། ཕྱག་རྒྱ་འདི་དག་ནམ་རྒྱུན་མཇལ་དུས་སེམས་ནང་དགའ་སྣང་འབྱུང་ཡང་། གནམ་གྲུ་བབས་ཐང་འདི་ནས་མཇལ་དུས་སེམས་ནང་དངངས་འཚབ་ཅིག་ལམ་སང་སླེབས་ཡོང་། གང་ཡིན་ཟེར་ན། ཕྱག་རྒྱ་དེ་ཚོའི་གཤམ་དུ་ཡོད་པ་ནི། རྒྱ་གར་གཞུང་གི་འགྲུལ་པར་ཞིབ་བཤེར་བྱེད་པའི་ས་ཚིགས་རེད།

ངས་གཞུང་འབྲེལ་མི་སྣར་ཞིབ་བཤེར་སྣེ་ལེན་དང་། རྒྱས་སྤྲོས་སྐུ་མགྲོན་ལ་ཞིབ་བཤེར་སྣེ་ལེན། རྒྱ་གར་གྱི་ལག་ཁྱེར་ཡོད་པའི་མི་སྣར་ཞིབ་བཤེར་བྱེད་ས་བཅས་རིམ་པས་བརྒལ་ཏེ། ལག་ཁྱེར་གྱི་རྣམ་དབྱེ་མེད་པར་ཚང་མ་འགྲོ་ཆོག་སའི་ཞིབ་བཤེར་ས་ཚིགས་སུ་སོང་ནས་བང་བསྒྲིགས། ངའི་སེམས་ནང་ནམ་རྒྱུན་བཞིན་འཚབ་སྣང་ཤར་ཡང་། སེམས་འཚབ་དགོས་དོན་མེད་ཅེས་རང་གིས་རང་ལ་སེམས་གསོ་བྱས། ངའི་མདུན་དུ་མི་ལྔ་དྲུག་ཅིག་འདུག་ལ། ང་སླེབས་རྗེས་ངའི་རྒྱབ་ཏུའང་མི་ལྔ་དྲུག་ཅིག་རིམ་པས་སླེབས་སོང་། ཡིན་ནའང་ངའི་མདུན་གྱི་མི་རེ་རེར་དུས་ཚོད་སྐར་མ་གཅིག་གཉིས་ལས་མི་དགོས་པར་ལམ་སང་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་ཆོག་མཆན་སྤྲད་པས། རིང་པོར་མ་ཐོགས་པར་ང་ལ་སྐོར་བ་འཁོར།

ལག་ཁྱེར་དང་ཐོངས་མཆན་ལ་བརྟག་ཞིབ་ཀྱིས་ཆོག་མཆན་སྤྲོད་མཁན་ནི། ཤེལ་སྒྲོམ་གྱི་ཁང་མིག་གཅིག་གི་ནང་མི་གཉིས་རེ་མཉམ་དུ་འདུག་ཅིང་། ངས་བརྟག་ཞིབ་པར་སྟབས་བདེའི་འཚམས་འདྲི་ཞུས་རྗེས། རང་ཉིད་ཀྱི་ལག་དེབ་དང་གནམ་གྲུའི་འཛིན་བྱང་། ད་དུང་རྒྱ་གར་དུ་ཡོང་དོན་དང་གནམ་གྲུ་གང་ཞིག་བརྒྱུད་དེ་ཡོང་བ་སོགས་གསལ་བའི་འགེངས་ཤོག་བཅས་ཕུལ། བརྟག་ཞིབ་པ་དེ་ནི་གཞོན་ནུ་ལོ་ཆུང་ཞིག་རེད་འདུག་ཅིང་། ཁོང་གིས་ངའི་ལག་དེབ་སེར་པོ་དེ་མཐོང་བ་དང་ལམ་སང་དེ་སྔོན་ལག་དེབ་དེ་འདྲ་ཞིག་རྩ་བ་ནས་མཐོང་མྱོང་མེད་པའི་ཚུལ་བསྟན་ཏེ། ལག་དེབ་ཀྱི་རྒྱབ་མདུན་དང་ནང་ངོས་ལ་ཞིབ་ལྟ་བྱས་རྗེས། འཁྲིས་ཀྱི་ལས་རོགས་ལོ་ན་ཅུང་རྒན་པ་དེར་ཤབ་ཤུབ་ཏུ་སྐད་ཆ་འགའ་དྲིས་སོང་། ང་རང་གནས་ཚུལ་འདི་རིགས་འཕྲད་ཐེངས་མང་བས། ཅི་ཡང་མ་བཤད་པར་བསྡད་པ་ཡིན། དེ་རྗེས་གཞོན་ནུ་དེས་ང་ལ་ཕྱོགས་ནས་ལག་དེབ་འདི་ག་རེ་རེད། འདིའི་ཤོག་ངོས་ནང་མར་རྒྱ་གར་ནང་ཉིན་གྲངས་འདི་ལྷག་བསྡད་མི་ཆོག་ཅེས་འཁོད་འདུག འདི་གང་འདྲ་རེད་ཟེར། ངས་འདི་རྒྱ་གར་གཞུང་གིས་ང་ཚོ་བོད་པར་གནང་བའི་ལག་འཁྱེར་རེད། འདིའི་ཚིག་

2013-05-25

འོད། ང་ཡི་ཕ་ཡུལ།


(༢༠༡༣ ལོའི་ས་ག་ཟླ་བའི་ཚེས་ཆེན་ ༡༥ ལ་བྲིས།)

ཁྱེད་རང་རི་རྒྱལ་ལྷུན་པོ་རེད།
ཁྱེད་རང་མཐའ་ཡས་རྩྭ་ཐང་རེད།
ཁྱེད་རང་ཁུ་བྱུག་མགྲིན་གླུ་རེད།
ཁྱེད་རང་ང་ཡི་ཕ་ཡུལ་ཡིན།།

ང་རང་ལམ་ཞུགས་འགྲུལ་པ་ཡིན།།
ང་རང་བཀྲེས་ལྟོགས་སྤྱང་ཀི་ཡིན།།
ང་རང་མུན་དགའི་འུག་པ་ཡིན།། 
ངའི་སྙིང་ཁྱེད་ཀྱི་པང་དུ་ཡོད།། 

2013-05-09

འཛུམ་མདངས་འོག་གི་ཁྲོ་གཉེར།

སྐུད་པ་གྲངས་མེད་དང་འདྲ་བའི།།
ཆར་ཐིགས་འབབ་ས་འདི་ཡིན་ན།།
འཇའ་འོད་གུར་ཁང་གི་རྒྱབ་ལ།།
ང་ཡི་གསང་གུར་དེ་ཕུབ་ཡོད།།
ཁ་དང་གཏིང་།

ཁྱུང་དཀར་མཛོ་མོ་དང་འདྲ་བའི།།
སྦྲ་གུར་ཆུང་ཆུང་དེ་ཡིན་ན།།
དད་པའི་ཐང་ག་དེའི་རྒྱབ་ན།།
རྒྱབ་འགལ་ཡི་གེ་ཡིས་བཀང་ཡོད།།

2013-05-07

ཀླུ་སྒུག་*སྲང་ལམ།


ཀྱེ། །གཙུག་གི་རྒྱན་གཅིག་ནག་མོ་ཀྱེ།།
ཁྱེད་ཉིད་ཐུག་སྙམ་ཡིད་ན་མེད།།
དམར་བའི་ཁྱེད་ཀྱི་མཆུ་སྦྱར་བས།།
ཀླུ་སྒུག་ཁྲོམ་སྲང་ཡང་བསྐྱར་འཚོ།།

ཐ་མག་ཁམ་གང་ཆང་ཧུབ་གཅིག །
དེ་ཡི་མཐའ་ལ་ང་འགྲོ་རན།།
ང་ནི་གང་ཡིན་དེ་རང་ཡིན།།
ཀླུ་སྒུག་ཕྱོགས་ཀྱི་ཕོ་གསར་ཡིན།།

ང་ཡིས་ད་དུང་དྲན་བཞིན་ཡོད།།
ཆང་བཞིན་བཞུར་བའི་བཙོག་ཆུ་དེ།།
གཟུགས་པོ་བཀྲུ་སའི་ཆུ་ཁུགས་དེ།།
སྐར་མ་མཐོང་སའི་གུར་ཆུང་དེ།།

ཁྱེད་ཀྱི་མཛེས་སྡུག་ལོ་མ་དེས།།
ང་རང་ཀླུ་སྒུག་སྲང་ལ་བསྐྱལ།།
ལག་གི་ཆང་དེམ་གློད་མ་མྱོང་།།
ཡིད་ཀྱི་དམ་བཅའ་ལྷོད་ནའང་།།


ཀྱེ། །གཙུག་གི་རྒྱན་གཅིག་ནག་མོ་ཀྱེ།།
ཁྱེད་བྲལ་སྙམ་པ་ཡིད་ན་མེད།།
འཇམ་པའི་ལག་བརྡ་ཐག་རིང་དེས།།
ཀླུ་སྒུག་ཁྲོམ་ན་ང་རང་བཞག །

ཐ་མག་ཁམ་བཅུ་ཆང་དེམ་གཉིས། །
དེ་ཡི་མཐའ་ལ་འགྲོ་ས་མེད།།
ང་ནི་སུ་ཞི་གང་གི་ཆེད།།
ཀླུ་སྒུག་སྲང་གི་ཁྱི་འདྲ་འམ།།


ང་ཡིས་ད་ལྟ་དྲན་བཞིན་མེད།།
ཤེལ་ཏོག་མེད་པའི་གློག་སྡོང་དེ།།
གཅིན་པ་གཏོང་སའི་རྩིགས་ཁུགས་དེ།།
ཁྱི་མང་ཉར་བའི་རྨོ་མོ་དེ།།


ཁྱེད་ཀྱི་བརྗེད་ངས་དགོད་སྒྲ་དེས།།
ང་རང་ཀླུ་སྒུག་སྲང་ལ་འཚོ།།
ལག་གི་ཆང་དེམ་ཤོར་མྱོང་མེད།།
ཡིད་ནས་ཁྱེད་རང་ཤོར་ནའང་།། །།

* མཆན། ཀླུ་སྒུག་ནི། ལྷ་སའི་ལྷོ་ངོས་སྐྱིད་ཆུ་དང་ཉེ་བའི་ས་ཁུལ་ཞིག་གི་མིང་ཡིན། དེར་ཀླུ་རྣམས་ཀྱིས་ཇོ་བོ་རིན་པོ་ཆེ་ཀླུ་ཡུལ་དུ་གདན་འདྲེན་ཞུ་ཕྱིར་སྒུག་པས་ན། ཀླུ་སྒུག་ཅེས་ཐོགས་པར་གྲགས། ཕྲན་རང་ཆུང་དུས་ས་གནས་དེར་འཚར་ལོངས་བྱུང་ཞིང་། ཁོ་བོས་བརྩམས་པའི་བརྩམས་སྒྲུང་། འཁྱམ་པོ། ཁ་དོག་མེད་པའི་འཚོ་བ་ཞེས་པ་དེ་ཡང་ས་ཁུལ་དེའི་སྡོད་རིང་གི་མཐོང་སྣང་གཞི་རྩར་བཟུང་སྟེ་བྲིས་པ་ཞིག་ལགས།)

2013-03-22

སྙིང་ལ་རུས་མཚོན་འཆང་བའི་སྤོབས་པ།



མཐོང་ན་མངོན་པར་དགའ་བའི་འཇིག་རྟེན་འདིའི་ནང་ན།།

བསམས་ན་སྙིང་ཁ་ཚིམ་པའི་དོན་ཆེན་ཞིག་མི་འདུག །

ཡིད་འཕྲོག་མེ་ཏོག་མང་བའི་ལྡུམ་ར་རེའི་ནང་ལ།།

ཡི་ག་གཏིང་ནས་ལོག་པའི་ཞན་ཆ་རེ་གབ་འདུག །



སེམས་རྩ་གཏིང་ནས་ལྷོད་པའི་བདེ་བ་དེ་མེད་ན།།

སོས་དལ་བབ་ཕེབས་ཟེར་བ་མཐོང་སྣང་ཙམ་རེད་འདུག །

མཁོ་རྒུ་ཐམས་ཅད་འཛོམས་པའི་ཁང་བཟང་གི་མི་ལ།།

ཁོག་པ་མིག་ཆུས་ཁེངས་པའི་འཛུམ་མདངས་ཀྱང་སྣང་ངོ་།།



རང་ཚུལ་སྲོང་པོར་མི་བརྗོད་གཞན་ངོ་ལ་བསྟུན་ན།།

རང་སྙིང་ཁྱད་དུ་གསོད་པའི་རལ་གྲི་རང་ཡིན་འདུག །

ཞལ་ཟས་གཞན་ངོར་མ་བསྟུན་རང་ཤོམ་ཞིག་ཆེ་ན།།

སྟོན་མོ་དགོངས་སེལ་ཞུ་བའི་འདུ་ཚོགས་ཤིག་ཆགས་འོང་།།



ཉིན་བཞིན་ཆུང་ཆུང་བོར་བའི་ཟླ་བ་ཡི་མཐའ་ལ།།

ཆེན་པོ་མང་པོ་བརླག་པའི་ལོ་འཁོར་གཅིག་སླེབས་ཡོང་།།

སྐྱིད་པོ་དགའ་པོ་ཟེར་བའི་རྣམ་གཡེང་དེའི་མཇུག་ན།།

ལག་པ་སྟོང་པར་ལོག་པའི་ལོ་རྒྱུས་ཀྱིས་འཁངས་ཡོང་།།



ཕ་ཡུལ་ཕ་མ་བཞག་པའི་དེ་རིང་གི་བུ་ང་།།

ཕ་མེས་ཡང་མེས་མདུན་དུ་རྐང་འདྲེན་རང་མིན་ཡང་།།

མ་འོངས་སོན་རྩྭར་ཕན་པའི་ལག་རྗེས་ཀྱི་རྔན་པ།།

མ་མཆིས་ས་མཐའ་འདི་ན་ཅི་ཞིག་ལ་ཞེན་ནམ།།


དམར་པོའི་མེ་ལ་བསྲེགས་པའི་སྙིང་སྟོབས་ནི་བརྟས་འདུག །

གདུག་རྩུབ་མཚོན་སྣེར་བཤམས་པའི་སྲོག་རྩ་ནི་རྒོད་འདུག །

ད་ལྟ་ཡར་འགྲོ་མར་འགྲོའི་ས་མཚམས་འདིར་སླེབས་དུས།།

སྙིང་ལ་རུས་མཚོན་འཆང་བའི་སྤོབས་པ་ཞིག་བཅངས་འོས།། །།