2012-12-25

གྲོ་མ་བག་ལེབ།


ཡི་ཤུའི་འཁྲུངས་སྐར་སྐར་མའི་འོད་ཀྱིས་མཛེས།།
མི་ཚོའི་སེམས་པ་དགའ་དང་སྤྲོ་བས་ཁེངས།།
ཁྱེད་རང་ཡོད་ཡོད་འདྲ་བའི་ཐབ་ཚང་ནང་།།
ང་ཡིས་སང་ཉིན་ཆེད་དུ་བག་ལེབ་བཟོ།།

ཐག་རིང་ཐག་རིང་གཅིག་ན་བཞུགས་པའི་ཁྱེད།།
ལྷད་མེད་གྲོ་ཕྱེ་འདི་དང་འདྲ་བ་ལ།།
སྣ་ཚོགས་རྫས་ཀྱི་བསྲེ་ལྷད་ཡེ་མེད་པར།།
རང་བྱུང་མདངས་ཀྱིས་ལང་འཚོ་རྒྱས་ནས་ཡོད།།

རྒྱུན་དུ་སེམས་ན་དྲན་པའི་གཏན་གྲོགས་ཁྱེད།།
དམར་དམར་གྲོ་མ་འདི་དང་འདྲ་བ་ལ།།
ཞིམ་མངར་བརྩེ་བའི་འཛུམ་མདངས་སྟོན་བཞིན་པར།།
མི་ཚེར་དོན་སྙིང་སྦྱིན་པའི་སྟོབས་དང་ལྡན།།

རྟག་པར་དགེ་ལ་བརྩོན་པའི་ཟླ་གྲོགས་ཁྱེད།།
བཅུད་ལྡན་སྣུམ་ཁུ་འདི་དང་འདྲ་བ་ལ།།
རོགས་མེད་སྐྱ་སྐྱའི་ཕྱེ་དང་བསྡེབས་པ་ན།།
བདེ་སྐྱིད་ཞག་གིས་མི་ཚེ་སྣུམ་པར་བྱེད།།

བློ་གཏད་ང་ལ་བཅོལ་བའི་མཛའ་མོ་ཁྱེད།།
དྭངས་བསིལ་ཆུ་གཙང་འདི་དང་འདྲ་བ་ལ།།
ཁ་ནས་བལྟས་ན་སེམས་ཀྱི་གཏིང་མཐོང་བའི།།
ཁ་ཞེ་གཉིས་མེད་དེ་ཡི་མཛེས་པ་ལ།།

2012-11-29

ཟླ་བ་དང་སྐར་མ། ད་དུང་རླུང་བུ།

ཐག་རིང་རྒྱུས་མེད་ཀྱི་ལུང་པར། །
འཁྱམ་པོ་ལས་དབང་གིས་དེད་དུས།
ཁྱེད་རང་ནམ་མཁའ་རང་ཡིན་པཱ[1]། །

ང་རང་གར་སླེབས་སུ་ཡོད་སྙམ།།

སྐྱོ་གདུང་མུན་ནག་གི་ནང་དུ། །

ནམ་ཕྱེད་ཁེར་ལངས་རེ་བྱེད་དུས།།
ཁྱེད་རང་ཟླ་དཀར་དེ་ཡིན་པཱ། །

ང་ཡི་སྒེའུ་ཁུང་ནས་འཛུམ་འདུག །

གཅིག་པུར་ལམ་གཞུང་དུ་བརྔུལ་དུས། །

གདོང་པ་བསིལ་མཁན་དེ་ཡིན་པཱ།།
སྐྲ་ཡི་འདབ་མ་ཡི་ཚོགས་ལ། །

རེག་མཁན་བསིལ་རླུང་ཡང་ཡིན་པཱ།།

ཁྱེད་རང་སྐར་ཚོགས་རྣམས་ཡིན་པཱ། །

རྟག་པར་འཛུམ་མིག་གིས་གཟིགས་པཱ།།
ད་དུང་ལོ་མ་དང་རོལ་དབྱངས། །

རྒྱུན་དུ་སྙིང་ཁ་ན་སིམ་པཱ།།

གར་སོང་གར་བསྡད་དུ་ཤར་བའི། །

འོད་ཀྱི་གོང་བུ་ཡང་ཡིན་པཱ།།
སེམས་པ་དུས་ཀུན་ཏུ་དྲོད་པའི། །

སྣང་བྱེད་དཀྱིལ་འཁོར་ཡང་ཡིན་པཱ།། །།

མཆན། དབུས་སྐད་ཀྱི་ནང་དུ། ཡིན་པཱ་དང་མིན་པཱ་ནི། འདྲི་མཁན་རང་ངོས་ལ་དོན་དེ་ཡིན་པའམ་མིན་པར་ངེས་པའི་རྨང་གཞིའི་སྟེང་། འདྲི་ཡུལ་ལ། དེ་ལྟར་ཡིན་མིན་ཏན་ཏན་བཟོ་ཆེད་དྲི་བ་འདྲི་སྟངས་ཤིག་ཡིན། དཔེར་ན། མི་ཞིག་བོད་ནས་ཡོང་བ་ཡིན་པ་ཤེས་རྗེས། དེ་ལྟར་ཡིན་པ་ཏན་ཏན་བཟོ་ཆེད། ཁྱེད་རང་བོད་ནས་ཡིན་པཱ། ཞེས་འདྲི་བ་ལྟ་བུའོ།། ཡང་མི་དེ་བོད་ནས་ཡོང་བ་ཡིན་མིན་འདྲི་མཁན་གྱིས་རྩ་བ་ནས་ཤེས་ཀྱིན་མེད་ན། ཁྱེད་རང་བོད་ནས་ཡིན་པས། ཞེས་འདྲི་སྟངས་གཞན་ཞིག་ཀྱང་ཡོད་པས། འདིར་ཁ་སྐད་ཀྱི་འདྲི་སྟངས་སྔ་མ་དེ་སྤྱད་པ་ཡིན་ནོ།། །།

2012-11-16

སྐར་མ་རབ་རིབ།


མིག་གི་ཟུར་དེ་གསལ་ཡང་རྒྱང་ཐག་རིང་།།
ལུས་ཀྱི་དྲི་དེ་འཐུལ་ཡང་རེག་ཐབས་བྲལ།།
འཛུམ་གྱི་ཁ་ནས་ཁོག་གི་གཏིང་མ་མཐོང་།།
ང་ཡི་ཤེས་རབ་མིག་ཟུང་ལོང་བར་གྱུར།།

སྐར་མདའ་འཁྱུག་པའི་འཛུམ་མདངས་ཡུད་ཙམ་དེས།
སྤྲིན་ནག་འཁྲིག་པའི་མཐའ་ཞིག་ཡོང་བ་མཚོན།།
སྐྲ་ལོའི་འདབ་མས་མིག་ཟུང་སྒྲིབ་བཞིན་དུ།།
ཁྱེད་ལ་ཅེར་ཚེ་ཁྱེད་རང་རབ་རིབ་རེད།།

སྙིང་གི་བརྩེ་བ་རླུང་ཁྲོད་མར་མེ་སྟེ།།
ཇི་ཙམ་བསྲུངས་ཀྱང་ཉེན་ཁའི་གྲི་དངོར་མཆིས།།
ཆང་ཞིག་འཐུང་བཞིན་གློག་བརྙན་བལྟས་ན་ཡང་།།
མཐོང་ཞིང་ཐོས་པ་ཕྱི་ཡི་རླུང་འཚུབ་ཙམ།།

2012-11-09

བཀྲ་ཤིས། བཀྲ་མི་ཤིས་པའི་མི་ཚེ།

(སྒྲུང་ཐུང་ཡིག་བརྒྱ་མ།)

༅༅།། ངས་རྩོམ་ཞིག་འབྲི་དགོས་བསམས་ནས་སྨྱུ་གུ་ཤོག་སྟེང་འཛུགས་སྐབས། ཤི་རོ་ཞིག་གི་ངོ་གདོང་དང་འདྲ་བའི་སྐྱ་མདོག་གི་ཤོག་ངོས་ནས་བཙན་དབང་འོག་ཏུ་འདས་གྲོང་ཕྱིན་པའི་མི་མང་པོ་ཞིག་གི་གདོང་དབྱིབས་གསལ་འོང་བས། ངས་ཡང་སྙིང་སུའི་སྐོར་འབྲི་དགོས་མིན་མ་ཤེས། མཐར་དེ་དག་གི་མིང་ཤོག་བུ་ཆུང་ཆུང་རེའི་ཐོག་བྲིས་ནས་མདུན་ཅོག་སྟེང་དུ་སྤུངས་རྗེས། མིང་ཤོག་སྟོང་ཕྲག་དུ་མའི་ནང་ནས་བྱུང་རྒྱལ་དུ་གཅིག་བླངས་པས། ”བཀྲ་ཤིས་”ཐོན།
 


ཡིན་ན་ཡང་“བཀྲ་ཤིས་”ནི་བཀྲ་མི་ཤིས་པ་ཞིག་སྟེ། ཁོའི་ཨ་མ་ཁོ་རང་སྐྱེས་མ་ཐག་ནས་ངལ་རྩོལ་ལྕི་བའི་ཐོག་ལུས་ཟུངས་ཞན་པས་འདས། དེའི་རྗེས་ཕྱི་ལོ་ ༡༩༦༨ ལོར་ཁོའི་ཕ་ལམ་བཟོའི་ལས་ཀའི་ཁྲོད་རྫས་མདེལ་ཕོག་ནས་གྲོངས། ལོ་བཅུའི་རྗེས་ཁོརང་གསོ་སྐྱོང་བྱེད་མཁན་སྤུན་མཆེད་རྨོ་མོ་གཅིག་པུ་དེ་ཡང་གྲོངས་སྟབས། ཁོ་རིམ་བཞིན་ཉི་མ་གང་འཁྱོལ་བྱེད་པའི་འཁྱམ་པོ་ཞིག་ཏུ་གྱུར། ༡༩༨༧ ལོར་མི་གསོད་རྐུ་འཕྲོག་གི་ཉེས་ཁྲིམས་ཕོག་ནས་དམ་གསོད་བཏང༌། 
བཀྲ་ཤིས་ཡ།  ཅི་འདྲའི་བཀྲ་མི་ཤིས་པའི་མི་ཚེ་ཞིག།།

2012-11-04

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།

མཚན་མོ་མུན་ནག་ནང་དུ།།
སེམས་པས་ལུས་པོ་དྲུད་དེ།།
སྡོད་ཁང་ཕྱོགས་སུ་ལོག་དུས།
ཟླ་བ་ཁེར་འདུག་མཐོང་བས།།
ཁྱེད་ཀྱི་འཛུལ་ཞལ་དྲན་བྱུང་།།

ཁྱེད་ཀྱི་སྨོན་ལམ་དྲན་བྱུང་།

ཐུགས་རྗེ་ཆེ་ཞེས་ཞུ་འོ།།
ང་ལ་རྒྱབ་སྐྱོར་གནང་བར།།
བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་ཐུགས་ཁུར་གནང་བར།།

ཞོགས་པ་མལ་ཆས་ནང་ནས།།

ང་རང་གཅིག་པུར་ལངས་དུས།།
ཁྱེད་ཀྱི་མངར་ཇ་དྲན་ནས།།
མིག་ཆུ་འཆོར་གྲབས་བྱེད་ཀྱང་།།
བརྩེ་བའི་གློག་འཕྲིན་མཐོང་དུས།།
སེམས་པ་དྲོད་ཀྱིས་གང་འགྲོ།།

ཐུགས་རྗེ་ཆེ་ཞེས་ཞུ་འོ།།

ང་ཡི་དགོས་མཁོ་ཤེས་པར།།
བཀའ་དྲིན་ཆེ་ཞེས་ཞུ་འོ།།
ང་ལ་གཤིས་འཇམ་གནང་བར།།

2012-10-28

ཁང་ཆུང་དཀར་པོ།

ལྗང་མདོག་རི་ལམ་དེ་ནས་ཡར་ཕེབས་ན།།
ཀྱག་ཀྱོག་ལམ་བུ་དེ་ཡི་མཐའ་སྣེ་ན།།
སྨུག་ཞག་འཁྲིག་པའི་ལྡུམ་ར་གྲུ་བཞིའི་ནང་།།
གཡང་ཞག་འཁྱིལ་བའི་ཁང་ཆུང་དཀར་པོ་མཆིས།། 



ཡར་ལ་ཕེབས་ཤོག་ལྷད་མེད་ཁ་བཏགས་ཡོད།།
མར་ལ་བཞུགས་དང་འབོལ་གདན་ཁྲ་ཁྲ་ཡོད།།
ཕྱོགས་བཞིར་གཟིགས་དང་སེམས་ཀྱི་རི་མོ་ཡོད།།
ལེགས་པར་གསན་དང་སྙན་པའི་རོལ་མོ་ཡོད།།

ཁྱེད་རང་རྒྱང་རིང་ཞིག་ནས་ཕེབས་པ་འདྲ།

ང་ཡང་ཐག་རིང་བོད་ནས་ཡོང་པ་ཡིན།།
ཕན་ཚུན་རྒྱུས་མངའ་ཆུང་ཡང་གཅིག་པ་རེད།།
འདི་རུ་བཞུགས་ནས་ངལ་གསོ་ཅུང་ཙམ་མཛོད།།

2012-10-23

ཨ་མ་ལགས། ང་སླེབས་ས་མ་རེད།

གནམ་སྔོན་པོ་འདིའི་འོག་ནས། རི་བོ་དང་ཆུ་མོ་གྲངས་མེད་ཅིག་བརྒལ་ན། ང་དྲན་བཞིན་པའི་ཁྱེད་ཀྱི་གཉེར་མ་ཡོད།

སྐྱ་ཐེར་ཐེར་གྱི་ས་གཞི་དེའི་སྟེང་ནས། ཁུ་སིམ་སིམ་གྱི་གྲོང་གསེབ་དང་འཁྲུག་ཆ་ཆེ་བའི་གྲོང་ཁྱེར་གྲངས་མེད་ཅིག་བརྒལ་ན། དབང་མེད་ལས་རླུང་གིས་དེད་པའི་བྱ་སྒྲོ་དཀར་པོ་ང་ཡོད།

2012-10-20

སེམས་ཚོར་ཁག་གསུམ།

༡) ཟུར་གྱི་ཕྲ་མོ།  
ལྷབ་ལྷུབ་དེ། ཟ་ཟིར་དེ།
ཆར་ཐིགས་བཞིན་ལྷུང་ཡོང་དུས།
རླུང་བུ་བཞིན་ལྡང་ཡོང་དུས།

སྙིང་འདིས་སྟོན་ལོ་སེར་པོ་བཞིན་ས་ལ་བབས་ཏེ།
སྐྲ་ལོ་ལས་ཕྲ་བའི་དབང་རྩ་དེ་ཚོར་ཉན།

ཉན་འདོད་པའི་སྒྲ་དེ། བལྟ་འདོད་པའི་གཟུགས་དེ།

བརྡ་རྟགས་བརླག་པའི་ཁ་པར་ལྟར་སྦྲེལ་མ་ཐུབ་དུས།

མཛེས་སྡུག་ནི། ཕྱི་ལ་མི་གནས་ཤིང་།
བརྩེ་དུང་ནི། ཆུ་རང་ལས་ཆུའི་ནང་གི་ཟླ་བ་མ་ཡིན་པ་ཤེས།

2012-09-21

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༩ ཉིན་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་ཨོ་ཊ་ཝའི་བསྒྲགས་གཏམ།


༅༅།། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ནས་ ༢༩ བར་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་སྐོང་ཚོགས་བྱས་ཤིང་། ཚོགས་ཐོག་ཏུ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཕེབས་ཏེ་བཀའ་སློབ་སྩལ། ཚོགས་འདུའི་ཉིན་མཐའ་མར་ཚོགས་བཅར་བ་ཡོངས་ཀྱིས་གཤམ་གསལ་སྤྱི་མོས་བསྒྲགས་གཏམ་གཏན་འབེབས་གནང་སྟེ། བོད་ཀྱི་རྩ་དོན་ཐད་མུ་མཐུད་དེ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་རེད།

གང་གི་ཕྱིར།
ངེད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་སྐུ་ཚབ་རྣམས་ཡུལ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ནས་ ༢༩ བར་ལྷན་འཛོམས་ཀྱིས་དེ་སྔ་གྲོང་ཁྱེར་ལྡི་ལི་དང༌། ཝིལ་ནིའུས། ཝ་ཤིང་ཀྲོན་ཌི་སི། ཨེ་དྲིན་སྦག རོམ་བཅས་སུ་ཚོགས་པའི་ཚོགས་ཆེན་ལྔའི་གྲུབ་དོན་དང་ཆོད་དོན། དེ་དག་གི་རྗེས་འབྲེལ་བྱེད་སྒོ་ལས་རིམ་དང་གྲུབ་འབྲས་ཁག་ལ་བསྐྱར་བལྟ་ཞུས་པ་དང།

བོད་ནང་གི་ཚབས་ཆེའི་ཛ་དྲག་གནས་སྟངས་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་བཟུང་བའི་སྲིད་བྱུས་ཐོག་བསྐྱར་ཞིབ་ཞུས་པ།

ཕྱི་ལོ་ ༢༠༠༩ ཟླ་ ༡༡ ནང་རྒྱལ་ས་རོམ་(Rome)དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་པ་ནས་བཟུང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་སྲིད་གཞུང་བར་གྱི་འབྲེལ་མོལ་ལ་ཡར་རྒྱས་མདུན་སྐྱོད་མེད་པར་བློ་ཕམ་བྱུང་བ

བོད་མིའི་རིག་གཞུང༌དང་སྐད་ཡིག སེམས་དོན་རིག་པའི་སྲོལ་རྒྱུན་བཅས་ནི་འགྲོ་བ་མིའི་རིགས་ལ་རླབས་ཆེན་གྱི་རིན་ཐང་ཡོད་པར་ངེས་པ་བསྐྱར་བརྙེད་བྱུང་བ།

ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་ནང་མང་གཙོ་ཅན་དུ་བསྒྱུར་བའི་བརྒྱུད་རིམ་གནད་ཆེ་ལེགས་གྲུབ་བྱུང་བ་དང་། ལྷག་པར་ཉེ་ཆར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གང་གི་ཆབ་སྲིད་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་དང། བོད་མིའི་མངོན་འདོད་མཚོན་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འགོ་འཁྲིད་རྣམ་པར་རྩིས་སྤྲོད་གནང་བར་ཆེ་བསྟོད་ངོས་འཛིན་ཞུས་པ།

རྒྱ་ནག་སྲིད་གཞུང་དང་བོད་མི་མང་བར་གྱི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་བར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ནུས་པ་ནི་ད་དུང་ཡང་མུ་མཐུད་མེད་ཐབས་མེད་པ་ཡིན་པར་ཡིད་ཆེས་ངེས་བརྙེད་བྱུང་བ།

དེ་ཕྱིར་ང་ཚོས།
བོད་རྒྱའི་དཀའ་རྙོག་འདི་ཉིད་རྒྱ་ནག་གཞུང་གི་ཆེས་མཐོའི་འགོ་ཁྲིད་དང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་གང་ཉིད་ཀྱི་སྐུ་ཚབ་དང་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འགོ་འཁྲིད་རྣམ་པའི་དབར་ལྷག་བསམ་རྣམ་དག་དང་དོན་ཕན་ལྡན་པའི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་པ་བསྐྱར་དུ་ནན་བཤད་བྱ་རྒྱུ་དང་།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས། བོད་ནང་བོད་མིའི་མངོན་འདོད་དང་རྩ་བ་ནས་མི་མཐུན་པའི་སྲིད་བྱུས་གསར་པ་བཙན་འགེལ་བྱེད་པས་མཚོན་ཕྱོགས་གཅིག་རྐྱང་པའི་ཁེ་ཕན་ཆེད་བྱ་སྤྱོད་རྩོམ་བཞིན་པ་དེས། བོད་ཀྱི་དཀའ་རྙོག་སེལ་མི་ནུས་པའི་ཡིད་ཆེས་བརྟན་པོ་ཡོད་པ་གསལ་སྟོན་བྱ་རྒྱུ།

སྔ་ལོ་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་འོས་བསྡུའི་ལས་དོན་ཁག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་(INPAT)གི་འོས་བསྡུ་བལྟ་རྟོག་ཚོགས་ཆུང་གི་གཟིགས་ཞིབ་འོག་གནང་སྟེ་ཚོགས་ཆུང་དེས་སྙན་ཐོ་ཡང་བཏོན་ཡོད་པ་ལྟར། འོས་བསྡུའི་ལས་དོན་ཁག་རང་དབང་དང་དྲང་བདེན་གྱི་ལམ་ནས་གནང་བར་དགའ་བསུ་ཞུ་རྒྱུ།

རྒྱ་རིགས་མི་མང་ནང་མང་གཙོའི་འཕོ་འགྱུར་གྱི་ལས་འགུལ་ཇེ་མང་དུ་འགྲོ་བཞིན་པ་དང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་རིགས་མང་ཚོགས་ཁྲོད་གོ་རྟོགས་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པར་རྗེས་སུ་ཡི་རང་ཡོད།

ཉེ་ཆར་ཨ་རབ་ཀྱི་ཡུལ་གྲུ་མང་པོ་དང༌། བྷར་མ་སོགས་ནང་བྱུང་བའི་གནས་ཚུལ་མང་པོས་བདེན་དཔང་བྱས་པ་ལྟར། མང་གཙོའི་རང་དབང་གི་དགོས་འདུན་ནི་འགོག་ཐབས་མེད་པ་ཞིག་ཡིན་པ་དྲན་བསྐུལ་ཞུ་རྒྱུ།

གནས་ཚུལ་ཁྱབ་སྤེལ་གྱི་རང་དབང་དང༌། དྲ་རྒྱས་མཚོན་པའི་གློག་རྡུལ་ཆ་འཕྲིན་གྱི་བརྒྱུད་ལམ་ཁག་ལ་བཀག་རྒྱ་མེད་དགོས་པ་ནི། མང་གཙོའི་ལས་འགུལ་ལམ་ལྷོངས་ཡོང་བའི་གནད་ཆེའི་ཆ་རྐྱེན་ཡིན་པ་ངོས་འཛིན་ཤེས་རྟོགས་བྱུང་།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས། བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་བཏང་བ་དང་། བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པར་བློ་འཚབ་བྱུང་།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་པ་དང་། དེ་བཞིན་རིག་གཞུང་དང༌། སྐད་ཡིག། གོམས་སྲོལ། འཚོ་ཐབས། སྲོལ་རྒྱུན་སོགས་ཚུད་པའི་བོད་མིའི་ངོ་བོ་མཚོན་པའི་ཐུན་མིན་ཁྱད་ཆོས་ཁག་ལ་གཏོར་སྐྱོན་དང་བཙན་གནོན་བྱེད་པའམ། ཡང་ན་དེ་དག་རྒྱུན་འཛིན་དང་གོང་སྤེལ་གྱི་ལས་དོན་ཉམས་དམས་སུ་བཏང་སྟེ། རིག་གཞུང་རྩ་མེད་ཀྱི་བསམ་སྦྱོར་མཚོན་པའི་སྲིད་བྱུས་དང་སྲིད་བྱུས་ལག་བསྟར་བྱས་པར་མུ་མཐུད་དེ་སེམས་འཚབ་ཆེན་པོ་བྱུང་།

རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང༌། བོད་ནང་རང་དབང་བསྐྱར་གསོ། ྋགོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་ཞུ་བཅས་ཀྱི་ཆེད་དུ་བོད་མི་ཕོན་ཆེས་རང་སྲེག་བྱས་པར་སེམས་སྡུག་དང་ཡིད་འགུལ་ཆེན་པོ་ཐེབས།

2012-09-19

རིགས་སློབ་མ་ལག་གཉིས་དང་བཙན་བྱོལ་སྤྱི་ཚོགས།

རིགས་ལམ་སློབ་གཉེར་ཁང་གི་དབུ་དགེ་དམ་པ་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག
(གསལ་བཤད། གཤམ་དུ་བཀོད་པའི་གཏམ་བཤད་འདི་ནི། རིགས་སློབ་ཀྱི་དབུ་དགེ་དམ་པའི་རྗེས་དྲན་སྐབས་ཕྲན་གྱིས་ས་རཱ་མཐོ་སློབ་ཏུ་གང་དྲན་ལྷུག་བཤད་བྱས་པ་ཞིག་ཡིན་ཞིང་། གཏམ་བཤད་ཟིན་རྗེས་ས་རཱ་མཐོ་སློབ་ཀྱི་འབྲེལ་ཡོད་སློབ་ཕྲུག་ཚོས། གཏམ་བཤད་ཆ་ཚང་སྒྲ་ཐག་ནས་ཡིག་ཐོག་ཏུ་ཕབ་འདུག་པ་ལྟར། འདིར་བཀོད་པ་ཡིན།)

༅༅།། ངས་དེ་རིང་ཞུ་དགོས་པའི་བརྗོད་གཞི་དེ། རིགས་སློབ་མ་ལག་གཉིས་དང་བཙན་བྱོལ་སྤྱི་ཚོགས་ཟེར་བ་དེ་རེད། དེའི་སྐོར་ལ་བཤད་དགོས་པ་མང་པོ་རེད་དེ། གང་ནས་འགོ་བཙུགས་དགོས་མིན་ཤེས་ཀྱི་མི་འདུག དེའི་སྒང་ལ་ངས་བརྗོད་གཞི་འདིའི་ཐད་ལ་དམིགས་བཀར་གྱིས་ཉམས་ཞིབ་དང་གྲ་སྒྲིག་དེ་འདྲ་གང་ཡང་བྱེད་རྒྱུ་མ་བྱུང་། དེར་བརྟེན་གང་དྲན་དྲན་ཞིག་ཞུས་པ་འདི་ལ་ནོར་འཁྲུལ་ཡོང་སྲིད་པས་དང་པོ་ནས་དགོངས་སེལ་ཞུ་གི་ཡིན།

རིགས་སློབ་མ་ལག་གཉིས་ཕྱག་འདེབས་མཁན་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་མདོ་ཁམས་ཕྱོགས་སུ་འཁྲུངས། དེ་ནས་ཡར་ཕེབས་ཏེ་དབུས་གཙང་ནས་སློབ་གཉེར་གནང་། དེའི་རྗེས་བཙན་བྱོལ་དུ་ཕེབས་པ་རེད། བཙན་བྱོལ་ནང་དུ་དང་པོ་ཌལ་ཧོར་དང་། དེ་ནས་བོད་གཞུང་གིས་ཀང་རར་དགེ་རྒན་འོས་སྦྱོང་བཙུགས་གནང་བའི་ནང་སློབ་སྦྱོང་གནང་། དེའི་རྗེས་སུ་མ་སུ་རི་སློབ་གྲྭའི་ནང་དགེ་རྒན་དང་། ཁང་ཚན་གྱི་དགེ་རྒན་གནང་བ་སོགས་ལ་བརྟེན་ནས་བཙན་བྱོལ་གྱི་དཀའ་ངལ། བོད་ནང་གི་དཀའ་ངལ་ཕྱོགས་ཡོངས་ནས་མཁྱེན་གྱི་ཡོད་པ་རེད།

རྒན་དམ་པ་མཆོག་སྦྱོང་བརྡར་གནང་སའི་དགེ་རྒན་འོས་སྦྱོང་ཁང་ལྟ་བུ་ལ་མཚོན་ན། སྐབས་དེ་དང་དུས་དེ་ལ་དཔག་པའི་ཡག་པོ་རེད། རྒྱུ་མཚན་ནི། མཐུན་རྐྱེན་ཞེ་དྲག་མེད་ཀྱང་དེའི་ནང་མཁས་པ་འཛེ་སྨད་རིན་པོ་ཆེ་དང་། དེ་བཞིན་བོད་གཞུང་གི་གནད་ཡོད་མང་པོས་སློབ་ཁྲིད་གནང་གི་ཡོད་པ་རེད་ལ། མ་ཟད་༸གོང་ས་མཆོག་གི་ཡོངས་འཛིན་རྣམ་པ་ཚོས་ཀྱང་སློབ་ཁྲིད་གནང་གི་ཡོད་པ་རེད། བཀྲས་མཐོང་ཚེ་དབང་ཆོས་རྒྱལ་གྱི་ལྕམ་འཇུ་ཀྲིས་ལགས་ནས་དེང་དུས་ཀྱི་ཤེས་ཡོན་ཁྲིད་སྟངས་ཀྱི་སྐོར་ལ་སློབ་ཁྲིད་གནང་བཞིན་ཡོད་པ་རེད། སྐབས་དེར་རྒན་རྣམ་པས་བཏོན་པའི་ཟིན་བྲིས་དང་། དེབ་དེ་ཚོར་བལྟས་པ་ཡིན་ནའང་སྐབས་དེ་དུས་ཤེས་ཡོན་གྱི་གནས་ཚད་གཏིང་ཟབ་པོ་ཞིག་ཡོད་པ་དེ་གསལ་པོ་ཞེ་དྲག་རེད། དེ་ཡིན་དུས་རྒན་ལགས་ཀྱིས་བོད་ཁྱོན་ཡོངས་ཀྱི་གནས་སྟངས་མཁྱེན་གྱི་ཡོད་པ་དང་། དེ་བཞིན་ད་ལྟའི་དགོས་མཁོ་གང་ཡིན་མཁྱེན་གྱི་ཡོད་པ་མ་ཟད། རྒན་ལགས་ཀྱི་མཁྱེན་ཡོན་གྱི་ཆ་ནས་བལྟས་པ་ཡིན་ནའང་གཞུང་ཆེན་མོ་དང་། ཐ་སྙད་རིག་གནས་ཀུན་མཁྱེན་བཞིན་ཡོད། དེ་བཞིན་བོད་ཀྱི་སྲོལ་རྒྱུན་གྱི་དགོན་པས་སློབ་སྦྱོང་སྤྲོད་སྟངས་དང་། སློབ་གྲྭ་ཁག་ནང་དེང་དུས་ཀྱི་སློབ་སྦྱོང་སྤྲོད་སྟངས། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་དེ་དེང་དུས་ཀྱི་སློབ་གྲྭའི་ནང་འཁྱེར་དུས་དཀའ་ངལ་ག་རེ་འཕྲད་བཞིན་ཡོད་མེད། དེ་ཚོའི་རིགས་རྒན་གྱི་མི་ཐོག་གི་སྟེང་ལ་དཀའ་ངལ་འཕྲད་ས་གཙོ་བོ་རེད། དེ་ཡིན་དུས་དེ་ཚོ་ཚང་མ་མཁྱེན་རྟོགས་ཡོད་པ་རེད། གནད་དོན་དེ་ཚོ་མཁྱེན་རྟོགས་ཡོད་པའི་སྒང་ལ། རྒན་གྱི་གཤིས་ཀ་ཁ་རི་ཁ་ཐུག་དང་། དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་སྙིང་སྟོབས་ཆེན་པོ་ཞེ་དྲག་རེད།

2012-08-26

རྨི་ལམ་བརྩེགས་མ།

༅༅།། ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་མཁར་མ་རུ་ནས་ཕྱིར་ཐོན་ཏེ་ལྷ་སའི་ཕྱོགས་ལ་སྤྱན་གྱིས་གཟིགས། གཙུག་ལག་ཁང་ནས་གྲགས་ཡོང་བའི་སྙན་བརྗིད་ཆེ་བའི་ཆོས་དུང་གི་སྒྲས་ཁོང་རང་དབང་མེད་པར་དེ་ཕྱོགས་སུ་དྲངས།
 

ལུས་ལ་ངུར་སྨྲིག་གསོལ་བའི་གྲྭ་བཙུན་ཁྲི་སྟོང་མང་པོས་ཁྲོམ་སྲང་ཁེངས་ནས་ཞལ་འདོན་གྱི་སྒྲ་ལས། བོད་དམག་གི་གཟི་བརྗིད་ཆེ་བའི་དམག་སྦྱོང་གི་སྐད་སྒྲ་དེ་དག་ཐོས་འཛིན་གྱི་ཡུལ་དང་བྲལ་ཞིང༌། བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་ཁང་དང་དགོན་པས་ལྷ་ས་དང་ལྷ་སའི་ཉེ་འཁོར་ཡོངས་སུ་ཁེངས་ཡོད་པ་ལས་མཁར་རྫོང་དང་འཛིང་རྭ་དེ་དག་འབྱུང་བཞིའི་ཁམས་སུ་བློ་ཕམ་དང་བཅས་ཐིམ་ཟིན་པའམ་ཐིམ་བཞིན་མཆིས། དགོན་པ་དེ་དག་ལ་མཆོད་མཇལ་དུ་འགྲོ་མཁན་བོད་མི་རྣམས་ཀྱིས་ལག་ཏུ་མ་ཎི་འཁོར་ལོ་རེ་དང་ཕྲེང་བ་རེ་བཟུང་ནས་དད་པའི་མིག་ཟུང་ཟུམ་ཟུམ་བྱེད་ཞོར་ཁ་ནས་ཆོས་འདོན་པ་ལས་གང་དུའང་དཔའ་བའི་རྩལ་དང༌། ལ་རྒྱའི་གཏམ་སྨྲ་མཁན་ཤིན་ཏུ་དཀོན། ཁོང་གི་ཐུགས་ལ་འཚབ་ཤ་ཞིག་ཤར་བ་དང་མཉམ་དུ་མྱུར་བར་ཕོ་བྲང་པོ་ཏ་ལའི་ཐེམ་སྐས་འཛེགས།

2012-08-23

ཆར་པས་བརླན་པའི་སྙན་ངག

ཤག་ཤག་འབབ་པའི་ཆར་སྒྲ་དང་།།
འུར་འུར་ལྡང་བའི་རླུང་ཁྲོད་ནས།།
ཆར་གདུགས་སེར་སྨུག་ཕར་བསྐྱུར་ནས།།
གདོང་པ་ཐད་ཀར་གནམ་ལ་གཏད།།
 
ལུས་པོ་གྲང་ཞིང་བརླན་ན་ཡང་།།
སེམས་པ་ཚ་ཞིང་བརྔུལ་བར་གྱུར།།
ཆར་ཐིགས་ཁྲི་འབུམ་མདའ་མོ་ལྟར།།
ལུས་ཀྱི་ཕྱི་ནང་ཀུན་ལ་ཟུག །

2012-07-20

གྲང་འདར།

ཁྱེད་ཀྱི་དབུ་སྐྲ་ལྟ་བུའི་སྤྲིན་པ་དེ་མེད་ན།
གྲང་བསིལ་བསིལ་གྱི་ཆར་པ་འདི་ཡང་བབས་མི་སྲིད།

ཁྱེད་ཀྱི་སེམས་པ་ལྟ་བུའི་ནམ་མཁའ་དེ་མེད་ན།
སྙིང་འདར་འདར་གྱི་ཁ་བ་འདི་ཡང་ཅི་ལ་ཡོང་།

2012-07-12

སྨྲེང་གླུ་སྒྲོལ་མ་རི་འཛེགས་མ།།

༅༅།། ཕྱོགས་དང་མཐའ་དང་མུ་མེད་པའི།།
            རི་རྒྱལ་དེ་ཡི་རྩེ་མོ་རུ།།
                 གཡུ་ཡི་ལོ་མའི་ནགས་ཚལ་ན།།
                     ཁྱེད་སྐུའི་སྒྱུ་འཕྲུལ་བཞུགས་ཞེས་ཐོས།།

བྱིའུ་ཆུང་འཇོལ་མོས་སྔོན་ལས་ཟེར།།

        དྲི་ཞིམ་རླུང་བུས་ལས་དབང་ཟེར།།
              གང་ལྟར་ཁྱེད་ཀྱི་བྲག་རི་ལ།།།
                  ང་ཡི་རྒོད་པོ་རྟག་ཏུ་འཁོར།།

ཁྱེད་ཀྱི་གཡུ་ལོའི་གུར་ཁང་དུ།།

        ཞི་བདེའི་འོད་ཟེར་འཕྲོས་ནས་ཡོད།།
            རང་དབང་མེ་ཏོག་བཞད་ནས་ཡོད།།
               བརྩེ་བའི་འཇའ་འོད་འཁྱུག་ནས་ཡོད།།

མ་བསམས་ཡིད་ཀྱི་འཆར་སྒོ་རུ།།

     ཁྱེད་སྐུ་གངས་དཀར་ལྷུན་པོ་ལ།།
         ལངས་འཚོའི་ཉི་ཟེར་བཀྲ་བ་མཐོང་།།
             ནུ་འབུར་ལྷ་བྱ་བརྩེན་པའང་རིག །

2012-07-04

རྨི་ལམ་ལྟ་བུའི་ཀློང་རོལ་ནས།


ཚ་དྲོད་ཀྱི་ནང་དུ།
ཆར་ཞོད་ཚུགས།
                   བདེ་ལྷོད་ཀྱི་གུང་གསེང་།
                          མེ་ལྕེས་བསྲེགས།

གླུ་དབྱངས་ཀྱི་མཆེ་སྡེར་དེའི་ཟུར་ནས། བུད་མེད་ཀྱི་འགྲམ་ཆང་དེའི་མིག་ནས། འཆར་སྣང་གི་མེ་ཏོག་འཐུ་སྐབས། ལག་མཛུབ་རྣམས་ཟྭ་ཚོད་ཀྱིས་གཙེས། སེམས་ཀྱི་ལུ་གུའི་རྐང་ལག་ཁུམ། 

ན་ཟུག་དེ། ཚད་བཀག་དེ། 
                   __ཚད་ཡོད་པ་ནས་ཚད་མེད་པར་གྱུར།

2012-06-25

བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རང་སྲེག་གི་གནས་ཚུལ་ཁག་གཉིས་གླེང་བ།

“ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་”_ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།

ཚེ་རིང་ཤཱཀྱ་དང་ཆུང་ཚེ་རིང་གིས་བྲིས།

༅༅། །བོད་ཀྱི་ལོ་རྒྱུས་ལ་ཞིབ་བལྟ་བྱས་ན། རང་ལུས་མེར་སྲེག་གིས་དབང་འཛིན་པར་ངོ་རྒོལ་བྱེད་པ་དང་། རང་ལུས་མེར་སྲེག་གིས་མཆོད་པ་འབུལ་བ་གཉིས་ཀ་འདས་པའི་ལོ་བརྒྱ་ཕྲག་མང་པོའི་གོང་དངོས་སུ་བྱུང་མྱོང་བ་ཞིག་ལས་གསར་པ་གང་ཡང་མིན།

ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་སྔ་ཤོས་ཀྱི་རང་ལུས་མེར་སྲེག་ནི་དུས་རབས་བརྒྱད་པའི་ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་ཡོད་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུའང་གནས་ཚུལ་རྒྱས་བསྡུས་ལ་མ་ལྟོས་པ་ཞིག་གསལ་ཡང། དེ་ཚོའི་ཁུངས་གཙོ་བོ་སྦ་བཞེད་ཡིན་ཞིང་། སྦ་བཞེད་ལ་ཚིག་འགྲོས་མི་མཐུན་པའི་དཔེ་སྣ་ཚོགས་ཤིག་མཆིས་ཀྱང་། རང་ལུས་མེར་སྲེག་གི་གནས་ཚུལ་དེ་ངེད་གཉིས་ཀྱིས་མཐོང་བའི་དཔེ་ཚང་མའི་ནང་ལ་གསལ་ཡོད། འདིར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྦ་བཞེད་སྤར་མ་ལས་ལུང་དྲངས་ན།

ཁེར་སྒྲོ

མགོ་བོ་ལག་ཏུ་བཞག་སྟེ།
རང་གིས་རང་ལ་བལྟས་ཚེ།
རང་ཉིད་མིག་ཆུའི་ནང་ལྷུང་པའི་བྱ་སྒྲོ་དཀར་པོ་ཞིག་ཡིན་པར་མཐོང་། 



རི་རྩེའི་སྤྲིན་དཀར་དང་། རི་གཤམ་གྱི་གྲོང་གསེབ། ད་དུང་རི་སྐེད་ཀྱི་བྱིའུ་ཚོས་ང་རྒྱུས་མི་ལོན་ཡང་ངས་དེ་དག་ཤེས་ཡོད། རང་ཉིད་རྒྱུས་ལོན་མཁན་ཉུང་བའི་ཁེར་གདུང་དེ་མྱངས་དྲགས་པས། ངས་ཐམས་ཅད་ལ་བསམ་ཤེས་དང་ཡོད་ཚད་རྒྱུས་ལོན་ཐུབ་ཐབས་བྱེད་ཀྱིན་ཡོད།

2012-06-23

༅༅།། ཨ་ཅང་ཅང་།

གངལའངསྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ངག་ལ་མ་ཉན་པར་རིགས་པ་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག _མཁས་དབང་དགེ་འདུན་ཆོས་འཕེལ།


༅༅།། ཁ་སང་ཁ་ཉིན་འཕྲུལ་སྒྲའི་ཐོག་(Twitter)ཁོ་བོས་ནམ་རྒྱུན་རྩོམ་ཡིག་སྤེལ་སྐབས་ཨང་དང་པོར་བརྩི་བའི་རྩ་དོན་ཏེ། བོད་མི་སྤྱིས་གོ་ཐུབ་པ་ཞིག་དགོས་པའི་ལྟ་ཚུལ་དེ་གླེང་སློང་ཞུས་པར། མཚན་དངོས་མི་གསལ་བའི་མཁྱེན་ལྡན་ཞིག་གིས། ཕྲན་གྱིས་སྒྱུར་བའི་དཔེ་དེབ་ནང་། “ཨ་ཅང་ཅང་”དང་། “ཆུང་རྩག” “འགྲིག་ག” “འཁྲིད་རྒྱུགས་”སོགས་བོད་ཀྱི་སྤྱི་སྐད་མ་ཡིན་པའི་ཡུལ་སྐད་བཀོལ་བའང་འདུག་ཟེར་ལ། ཁོང་གིས། རྩོམ་པ་པོ་ཞིག་གིས་རང་རྩོམ་སྤེལ་བ་དང་གཞན་རྩོམ་བསྒྱུར་སྐབས་མང་ཉུང་ལ་མ་ལྟོས་པར། རང་གི་ཡུལ་སྐད་སྤྱོད་པ་དེ་དེང་སང་སྤྱི་ལ་ཁྱབ་པའི་གནད་དོན་ཞིག་ཡིན་པའི་ངོས་འཛིན་གནང་།
 

 ང་ཚོས་དྲྭ་ལམ་ནས་གོང་གི་ཚིག་དེ་ཚོ་སྤྱི་སྐད་ཡིན་མིན་གྱི་རྩོད་གླེང་བྱས་ཤིང་། དེའི་ནང་ནས་“ཨ་ཅང་ཅང་”སྤྱི་སྐད་ཡིན་མིན་ལ་གླེང་སློང་ཤུགས་ཆེ་ཙམ་བྱས། ངས་འབའ་པ་ཕུན་དབང་གི་ལོ་རྒྱུས་བསྒྱུར་སྐབས། དབྱིན་སྐད་ཀྱི་“of course”ཞེས་པའི་དོན་མཚོན་བྱེད་དུ། “ཡིན་དང་ཡིན་” “ཨ་ཅང་ཅང་།” “ངེས་པར་དུ་”སོགས་བེད་སྤྱོད་བཏང་མཐར། འཚམས་ཤོས་ནི་“ཨ་ཅང་ཅང་”ཡིན་པར་མཐོང་སྟེ་ཚིག་དེ་སྤྱད་པ་ཞིག་ཡིན་ལ། ཚིག་དེའི་གོ་དོན་ཐད། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་“བཤད་མི་དགོས་ཞེས་པའམ། ལོས་བདེན་ཟེར་བའི་དོན་ཏེ། (དཔེར་ན།) ཕྲུ་གུས་ཀྱང་སྒྲུབ་ཐུབ་ན། མི་རྒན་པས་ཨ་ཅང་ཅང༌། རླངས་འཁོར་ཡང་ཤིན་ཏུ་མགྱོགས་ན། གནམ་གྲུ་ནི་ཨ་ཅང་ཅང༌། དགུན་ཡང་དྲོ་ན། དབྱར་ཁ་ནི་ཨ་ཅང་ཅང༌ལྟ་བུ”ཞེས་གསལ་འདུག །བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་མིང་ཚིག་གང་ཞིག་ཡུལ་སྐད་ཡིན་ཚེ། “ཡུལ་”ཞེས་ཡུལ་སྐད་ཡིན་པའི་རྟགས་བཏབ་ཡོད་ཀྱང་། ཚིག་འདི་ལ་རྟགས་དེ་བཏབ་མེད་པས་ངས་ནི་སྤྱི་སྐད་རང་དུ་བརྩིས་ནས་བེད་སྤྱོད་བྱས།

2012-06-20

༅༅།། དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ།

ཤེལ་དཀར་གླིང་པས་བརྩམས།

(མཆན། ཕྲན་རང་བོད་ནང་ཡོད་སྐབས་སློབ་དེབ་སོགས་སུ་ལྷ་ས་དྲན་གླུ་བཀོད་པ་རྣམས་ཀྱི་ཚིག་རིས་བློ་ལ་ཡོད་པ་དང་། ཕྱིས་རྒྱ་གར་ལ་སླེབས་རྗེས་མཐོང་བའི་ལྷ་ས་དྲན་གླུའི་ཚིག་རིས་ལ་ཁྱད་པར་ཡོད་པ་མཐོང་བར་བརྟེན། གཤམ་དུ་བཀོད་པའི་ལྷ་ས་དྲན་གླུ་ནི། ལོ་ངོ་གཉིས་ཙམ་རིང་མ་དཔེ་མང་པོ་བཙལ་མཐར་གཙོ་བོ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་ཚགས་པར་དུ་བཀོད་པའི་ལྷ་ས་དྲན་གླུ་དང་། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་ལག་བྲིས་ཕྱག་དཔེ་“རབ་བྱུང་ ༡༥ ལྕགས་ཁྱི། ཕྱི་ལོ་ ༡༩༡༠ ྋགོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་འཕགས་ཡུལ་རྡོ་རྗེ་གླིང་དུ་བཞུགས་སྐབས་ས་དབང་ཤེལ་གླིང་མཆོག་ནས་ལྷ་སའི་གནས་ལུགས་བཀའ་རྩོམ་གནང་བའི་ངོ་བཤུས་དགེ་”ཞེས་པ། དེ་བཞིན་ཧྥ་རན་སི་ནས་ཐོབ་པའི་དཔེ་ཆ་“དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ་ནོར་བུའི་དོ་ཤལ་”ཞེས་པ་རྣམས་གཤིབས་བསྡུར་བྱས་ཏེ་བཀོད་པ་ཡིན་པས། ད་ཕན་ཐོན་པའི་ལྷ་ས་དྲན་གླུ་ཡོངས་ཀྱི་ནང་ནས་འདི་ཉིད་ཆ་ཚང་ཤོས་དང་ཅུང་ཟད་དག་པ་བྱུང་ཡོད་པའི་སྤོབས་པ་ཡོད། ཆུང་ཚེ་རིང་གིས།)


གང་གང་རྐྱེན་ལས་གྲུབ་པའི་དངོས་མ་ལུས།།
དེ་དེ་རང་བཞིན་ཉིད་ཀྱིས་སྟོང་གྱུར་ཀྱང༌།།
བདེན་བདེན་རྒྱུ་འབྲས་སྟོན་པའི་རྗེ་བླ་མ།།
མཁྱེན་མཁྱེན་ཉམས་ཆུང་བདག་ལ་ཐུགས་རྗེས་གཟིགས།།


ཤེས་ཤེས་ཐོབ་ཐོབ་ཅང་མེད་འབྲོག་འཐོམས་ངས།། 

རྡོག་རྡོག་དོན་སྙིང་ལྷ་ས་དྲན་དྲག་ནས།།
ཐོལ་ཐོལ་གང་ཤར་བྲིས་པའི་བླུན་གཏམ་ཞིག །
ཤོད་ཤོད་གཏོང་བས་གྲོགས་དག་ཚུར་གསན་དང༌།།
 

ཁྲུང་ཁྲུང་ངང་པ་མང་པོ་རྩེ་དགའི་གནས།།
ཆིལ་ཆིལ་རླབས་ཀྱི་ཕྲེང་བ་མཁའ་ལ་འཕྱོ།།
ལྷུང་ལྷུང་སྒྲོག་པའི་ཆུ་ཆེན་སྐྱིད་ཆུ་ནི།།
དལ་དལ་གཡས་སུ་འཁོར་བའི་ལྷ་ས་དྲན།།

2012-06-16

བྲལ་འཛོམས།

གཉིས་ཀའི་སེམས་ན་གསལ་བའི་དུས་ཚོད་དེར།།
སྐྱེལ་མི་འགྲོ་མི་བྲལ་སའི་ས་མཚམས་སུ།།
ཁྱེད་ཀྱིས་སེམས་པ་དྲོན་མོའི་མིག་ཆུ་ཡིས།།
ང་ལ་སྐྱེལ་མ་བྱས་པའི་མེ་ཏོག་ཡོད།།

 
ཁ་བྲལ་མེད་ན་མཉམ་འཛོམས་ག་ལ་ཡོད།།
འཛོམས་པ་མེད་ན་བྲལ་བ་ཅི་ལ་སྲིད།།
སེམས་དང་སེམས་པ་འཁྱུད་པའི་བརྩེ་དུང་དེ།།
བྲལ་འཛོམས་སྐབས་ཀྱི་ཞིམ་མངར་འོ་ཡིས་མཚོན།།

སྙིང་གི་གཏམ་དག་ཡོངས་རྫོགས་བཤད་ཟིན་ཀྱང་།

ད་དུང་སྙིང་འདིས་ཅི་ཞིག་བཤད་འདོད་འདྲ།།
བརྩེ་ཞིང་དགའ་བའི་རྣམ་འགྱུར་ཡོངས་བསྟན་ཀྱང་།།
ད་དུང་སེམས་འདིས་གང་ཞིག་བསྟན་འདོད་འདུག །

2012-05-20

༺ མུན་དབྱངས་ལོ་མ་ལྗང་ཁུ། ༻

༓ ༓ ༓ ༓ ༓ ༓ ༓ ༓ ༓
ཕྱི་རུ་མུན་པའི་སྨུག་སྤྲིན་འདུ་ལོང་ལོང་།།
ནང་དུ་སེམས་ཀྱི་བུ་ཆུང་དགའ་ལྡིང་ལྡིང་།།
སྙན་ངག་རྒུན་ཆང་བསིལ་མའི་མཆོད་པ་འདིས།།
ང་དང་ཁྱོད་ཀྱི་སྐོམ་གདུང་སེལ་བར་བྱ།།



མེ་རླབས་གཡོ་བའི་རྒུན་ཆང་དམར་པོའི་དྲི།།
རླུང་རླབས་ཁྲོད་དུ་རོལ་དབྱངས་བཞིན་དུ་ཁྱབ།།
འགྲེལ་བ་མེད་པའི་སྙན་ངག་ཐུང་ཐུང་དེ།།
སྙིང་ལ་ཉར་བཞིན་ཕན་ཚུན་འཛུམ་ཙམ་བྱས།།

ཆང་ཕོར་བཏེགས་ཏེ་བཀྲ་ཤིས་བདེ་ལེགས་ཞུས།།
ཆང་ཕུད་གཏོར་ཏེ་གསོལ་བ་སྨོན་ལམ་བཏབ།།
ཆང་འདིའི་མཐའ་ན་ད་དུང་རེ་སྨོན་ཚོགས།།
ཆང་ས་བཞིན་དུ་འདུ་འདུ་ལོང་ལོང་རེད།།

ཆང་ཁང་ཕྱི་རུ་མུན་སྨག་ཡོལ་ནག་བཞིན།།
ཆང་ཁང་ནང་དུ་གློག་སྒྲོན་ཉི་ཟླ་བཞིན།།
འོད་ཀྱིས་སྲོག་ལ་སྡང་བའི་ཕྱེ་ལེབ་དང་།།
མུན་པས་མིག་ཟུང་ཕྱེ་བའི་སྲིན་བྱ་འཕུར།།

2012-05-03

བདེན་པ་སྙིང་ནས་འབོད།

ཁང་བརྩེགས་གནམ་ལ་ཟུག །
གཡག་གུའི་རྨིག་སྒྲ་མེད།།
ང་རང་གཞན་ཡུལ་འདུག །
ད་ནི་རང་ཡུལ་དྲན།།

མི་ཚོགས་རླབས་བཞིན་འཁྱོམ།།

དབེན་པ་སེམས་ན་མེད།།
ཁོ་བོའི་སེམས་ཀྱི་སྤྲིན།།
ཕ་ཡུལ་ཕྱོགས་ལ་འཁོར།།

བོད་དེ་རང་བཙན་ཞེས།།

བདེན་པ་སྙིང་ནས་འབོད།།
བོད་མི་བོད་ཡུལ་དང་།།
བྲལ་དགོས་ཇེ་མང་རེད།།

མེ་འཁོར་དུག་སྦྲུལ་རིང་།།

སྦྲ་ནག་སེམས་ན་འཁྱིལ།།
ལུས་ཐག་རིང་ནས་རིང་།།
སེམས་ཐག་ཉེ་ནས་ཉེ།།

རང་དབང་ལུང་པའི་རླུང་།།

འགྱིག་ཤོག་ནང་དུ་བཏུས།།
ཀུན་ལས་ལེགས་དེ་ཡིན།།
ཀུན་ལ་མཁོ་དེ་རེད།།

2012-04-28

ལོ་མ།

༅༅།། སྙན་འཇེབས་རོལ་དབྱངས་ཀྱིས་བསླངས་པའི་གོམ་ཁ་འདི། འཆར་སྣང་གི་ལག་པས་དྲུད་པའི་སེམས་པ་འདི། དལ་ཅག་གེར། གཅིག་པུར་མཚོ་འགྲམ་ནས་འགྲོ་དུས། ཁྱེད་ཀྱི་སེམས་པ་དེ། ཤིང་ལོ་བཞིན་འཕུར་བྱུང་། ཁྱེད་ཀྱི་སྐྲ་ལོ་དེ། ལོ་འདབ་བཞིན་དཔྱང་བྱུང་། ངས་ཐ་ན་ཁྱེད་ཀྱི་བཞིན་རས་ཀྱི་ལོ་དབྱིབས་ལའང་བལྟ་ཐུབ་པའི་ཚོད་དུ་སྣང་།

ཉི་མ་དམར་ལམ་ལམ་དང་། སྤྲིན་པ་དཀར་ལོང་ལོང་དེ་ཚོར་བལྟ་བཞིན། རླུང་བུ་གྲང་བསིལ་བསིལ་ནང་འགྲོ་སྐབས། སེམས་ཀྱི་མེ་ལོང་དུ། ལྗང་མདོག་གི་ལོ་མ་ཁྱེད་ཤར་བྱུང་། བལྟ་གིན་བལྟ་གིན་དུ། ཁྱེད་ཀྱི་སྐད་སྒྲའང་ཐོས་ཐུབ་པའི་ཚོད་དུ་སྣང་།

2012-04-24

༅༅།། སེམས་གླུ་སེམས་འཇོག་མ།

༢༠༡༢།༤།༢༤
(རྩོམ་འདི་ཐད་ཀར་བྲིས་ཏེ་སྤེལ་བས་ཞུ་དག་སོང་མེད།)

ནུབ་ཕྱོགས་བརྩེ་བའི་གྲོང་ཁྱེར་པེ་རི་སིར།།
གཞན་དག་དགའ་བས་མྱོས་པའི་དགོད་སྒྲ་ཆེ།།
རང་ཡུལ་རང་ལ་མེད་པའི་བོད་པ་ང་།།
དབང་མེད་རླུང་གིས་དེད་པའི་བྱ་སྒྲོ་འདྲ།།

རེས་དྭངས་རེས་འཐིབ་གནམ་གྱི་རྣམ་འགྱུར་དང་།།
རེས་དགའ་རེས་སྐྱོའི་སེམས་པ་ཧ་ཅང་མཐུན།།
མཚམས་མཚམས་གྲགས་པའི་ཕྱི་ཡི་བྱིའུ་དང་།།
ཡང་ཡང་ལྡིང་བའི་རྣམ་ཤེས་མཚུངས་པ་ལ།།

2012-04-19

རི་བོ་དང་རི་པ། ད་དུང་ཁེར་གདུང་།

༢༠༡༢།༠༤།༡༩
(རྩོམ་ཡིག་འདིར་ཞུ་དག་ཟིན་མེད།)

༅༅།། མཛེས་ཤིང་མཁོ་རྒུ་འཛོམས་ཀྱང་རི་བོ་གཅིག་ཀྱང་མེད་པའི་གྲོང་ཁྱེར་འདིར་སླེབས་རྗེས། ངས་གཞི་ནས་རང་ཉིད་རི་ལ་ཇི་ཙམ་གྱིས་དགའ་སྣང་ཡོད་པ་དེ་ཤེས། མ་གཞི་ང་རང་བོད་ཀྱི་རི་དང་འགྲོགས་ནས་མི་ལོ་བཅུ་གྲངས་དང་། རྒྱ་གར་རྡ་རམ་ས་ལའི་རི་ཚོགས་དང་འདྲིས་ནས་ལོ་ངོ་བཅུ་ཕྲག་བསྡད་པས། རི་ནི་ངའི་མི་ཚེའི་ཆ་ཤས་ཤིག་ཏུ་ལོས་གྱུར།

ཉིན་ཤས་སྔོན་ང་དང་ངོ་ཤེས་ཁ་ཤས་སྤྱི་པའི་གླིང་ཀ་ཞིག་ཏུ་ཕྱིན། གླིང་ཀ་དེའི་ནང་ས་ཕུང་མཐོ་ཙམ་ཞིག་འདུག་པ་དེ་རི་མིན་པ་ཚང་མས་ཤེས་ཀྱང་། ངའི་སེམས་ནང་དེ་རི་ཡིན་པ་ལྟར་མངོན་ནས་དབང་མེད་དུ་འཛེགས་པར་ཤོར། དེ་འཕྲལ་ངས་རི་དང་ས་ཕུང་གི་ཁྱད་པར་ཚོར་བྱུང། ས་ཕུང་ལ་རི་ལྟ་བུའི་མཁྲེགས་ཆ་མེད་པར་མ་ཟད། རི་ལྟ་བུའི་བརྟན་ཆ་དང་བརྗིད་ཆ། ད་དུང་རི་ཡི་དྲི་མ་དེ་ཡང་མི་འདུག །རི་ཡི་དྲི་མ་ཞེས་བརྗོད་དུས། གཞན་དག་གིས་ཚོར་དཀའ་ཡང་། ང་ལ་མཚོན་ན་དྲི་མ་དེ་ཧ་ཅང་དམིགས་བསལ་ཞིག་ཡིན།

2012-04-10

དུག་སློག དུགས་སློག

༅༅།། ཉེ་དུས་ཕ་རན་སིར་བཞུགས་པའི་ཕྱི་རྒྱལ་མཁས་པ་ཞིག་གིས་ང་ལ། བོད་སྐད་ནང་། གྱོན་གོས་ལ་སྐབས་རེ་དུག་སློག་ཟེར་གྱི་འདུག །དེའི་རྒྱུ་མཚན་ག་རེ་ཡིན་ནམ། གྱོན་གོས་དང་དུག་གི་བར་དུ་འབྲེལ་བ་ག་རེ་ཡོད་དམ། ཞེས་དྲིས་བྱུང་། དྲི་བ་དེ་ནི་གློ་བུར་བ་ཞིག་ཡིན་ལ་དེའི་གོང་དུ་མིང་ཚིག་འདིའི་སྐོར་ལ་བསམ་བློ་ཁྱོན་ནས་གཏོང་མྱོང་མེད་སྟབས། དགོངས་པ་མ་ཚོམ། ངས་དེའི་སྐོར་ལ་བསམ་བློ་རྩ་བ་ནས་གཏོང་མ་མྱོང་བས་ད་ལྟ་འགྲེལ་བཤད་ཞུ་རྒྱུ་གང་ཡང་མེད་ཅེས་ཞུས་པ་ཡིན། 
     རང་གི་སྡོད་གནས་སུ་སླེབས་རྗེས་ངས་འཕྲུལ་སྒྲའི་(twitter)ཐོག་ལ།་དྲི་བ་དེ་གླེང་བ་དང་སྦྲགས་“ཉི་མ་དང་རླུང་སོགས་ཀྱི་ཚ་ཟེར་གྲང་ཟེར་དེ་ཚོས་གནོད་པས་དུག་ལྟ་བུ་རེད། གནོད་པ་དེ་ཟློག་པའམ་སློག་པས་དུག་སློག་ཟེར་ཞེས་འདྲ་ཆཌ་པོ་ཞིག་བཤད་ན་གང་འདྲ་འདུག“ཅེས་དྲྭ་གྲོགས་(འཕྲུལ་སྒྲ་དྲྭ་བའི་སྒང་ལ་ང་ཚོས་འཕྲུལ་གྲོགས་ཞེས་འབོད་ཀྱི་ཡོད།)ཚོར་འོལ་ཚོད་ཀྱི་བསམ་འཆར་ཞིག་བཏོན་པ་ཡིན། 
       ངའི་རྨོངས་འཆར་དེ་ཏག་ཏག་“སོ་ཕག་འཕངས་ནས་གཡང་ཊི་འདྲེན་པ་”ཞེས་པའི་དཔེ་རུ་གྱུར་ཏེ། མཁྱེན་དཔྱོད་ཡངས་པའི་འཕྲུལ་གྲོགས་ཆབ་མདོ་ཤེས་རབ་དང་། ར་ས་ཕོ་ཉ་སོགས་ཀྱིས་གཅིག་མཇུག་གཉིས་མཐུད་དུ་བསམ་འཆར་བཏོན། བསམ་འཆར་དེ་ཚོ་མདོར་བསྡུས་ན་གཉིས་ཏེ། ཕྱིའི་སྐད་དང་འབྲེལ་བ་ཡོད་པར་འདོད་པ་དང་། བོད་རང་གི་སྐད་ཡིན་པར་འདོད་པ་བཅས་རྩ་བའི་འདོད་ཚུལ་གཉིས་རེད། དེ་ཡང་འཕྲུལ་གྲོགས་ར་ས་ཕོ་ཉས། དུག་ལོག་ནི་ལེགས་སྦྱར་གྱི་དུ་ཀཱུ་ལ་ཞེས་པ་ནས་བྱུང་སྲིད་པར་འདོད་ཅིང་། དེ་མིན་འཕྲུལ་གྲོགས་གཞན་ཞིག་གིས། དུག་སློག་ནི་དབྱིན་སྐད་ཀྱི་ཁོ་ལོ་རྡ་(Cloth)ཞེས་པ་ནས་བྱུང་བ་ཡིན་སྲིད་པའི་དོགས་འཆར་བཏོན།
      བོད་རང་གི་མིང་ཚིག་ཡིན་པ་གཞིར་བཟུང་བཏོན་པའི་བསམ་འཆར་གྱི་ནང་ནས་ཆབ་མདོ་ཤེས་རབ་ལགས་ཀྱི་དགོངས་འཆར་ཁག་གཉིས་ཏེ། 
༡) དུག་སློག་ནི་དོན་དུ་ནམ་དུས་སོ་སོར་གྱོན་བྱེད་ཀྱི་སློག་པའམ་གོས་ཡིན་ཕྱིར་ཐོག་མར་དུས་སློག་ཟེར་བ་དང་། རིམ་པས་སྒྲ་འགྱུར་ནས་དུག་སློག་ཏུ་གྱུར་པ།  
༢) དུགས་ནི་བརྡ་རྙིང་སྦྱར་བའམ་གཡོག་པ་དང་རེག་པ་སོགས་ལ་གོ་བས། དེས་ན་ལུས་ལ་སྦྱར་བའམ་གཡོག་བྱའི་སློག་པ་ལ་དུགས་སློག་ཅེས་ཡིན་རུང་། ཕྱིས་སུ་ཡང་འཇུག་ས་བོར་ཏེ་དུག་སློག་ཏུ་གྱུར་པར་གསུངས། 
       ལེགས་སྦྱར་སྐད་ཀྱི་དུ་ཀཱུ་ལ་ཞེས་པ་མྱུར་དུ་བཀླགས་ན། དུག་སློག་ཅེས་པའི་སྒྲ་དང་ཅུང་ཟད་ཉེ་བ་བདེན་ཡང་། དུ་ཀཱུ་ལ་ནི་གོས་སྤྱིའི་མིང་མ་ཡིན་པར་གོས་སྲབ་མོ་ཕྱི་གསལ་ནང་གསལ་གྱི་མིང་ཡིན། ཁོ་ལོ་རྡ་(Cloth) ཞེས་པའི་དབྱིན་སྐད་ནས་དུག་སློག་བྱུང་བ་མིན་ནམ་གསུང་མཁན་ལ་རྒྱུ་མཚན་འདྲི་སྐབས། ལན་དུ་གོས་སློག་དང་ཁོ་ལོ་རྡ་སྒྲ་འདྲ་ཞིང་། གོས་སློག་དང་དུག་སློག་དོན་གཅིག་ཡིན་པས་དེ་གཉིས་བར་འབྲེལ་བ་མེད་དམ་སྙམ་ནས་བསམ་འཆར་དེ་བཏོན་པ་ཡིན་གསུངས། མདོར་ན་དེ་ཐད་ཀར་དུག་སློག་དང་འབྲེལ་བ་ཡོད་པ་ཞིག་མ་རེད།
         བསམ་འཆར་དེ་དག་ལ་ཉན་རྗེས་ང་རང་གིས་སེམས་ནང། དུགས་ཅེས་པ་ལུས་ལ་སྦྱར་པའམ་གཡོག་པའི་གོ་དོན་ཅན་གྱི་བརྡ་རྙིང་ཞིག་ཡིན་ཞིང་། རང་རེའི་སྨན་གཞུང་གི་ནང་དུ་ད་ལྟའང་ནད་པའི་ལུས་གནད་ལ་རྫས་སྦྱར་ཏེ་དྲོད་དུགས་དང་། གྲང་དུགས་ཀྱི་བཅོས་བྱེད་སྲོལ་ཡོད་པར་མ་ཟད། སྔ་མོ་དྲོད་སྲོ་སའི་སྲོ་ཁང་ལ་དུགས་ཁང་ཞེས་འབོད་ཀྱི་ཡོད་པར་བརྟེན། དུག་སློག་གི་དག་ཆ་ངོ་མ་དུགས་སློག་ཡིན་པ་དང་། ཕྱིས་སུ་འདི་བརྡ་རྙིང་ཡིན་པ་མ་ཤེས་པར་སྒྲ་གདངས་ལ་གཞིགས་ཏེ་ཚིག་མཛོད་ཁང་ནང་དུག་སློག་ཅེས་བྲིས་པ་རྒྱུན་འབྱམས་སོང་བ་མིན་ནམ་སྙམ།
       ད་དུང་ཚིག་འདིའི་ཐད་མུ་མཐུད་དོ་སྣང་བྱེད་དགོས་པ་ཁ་ཤས་འདུག་པ་སྟེ། དུགས་སློག་གམ་དུག་སློག་ཅེས་པའི་མིང་ཚིག་འདི་ཡིག་ལམ་དུ་འཁོད་སྔ་ཤོས་ག་དུས་ཡིན་པ་དང་། དེའི་དག་ཆར་འགྱུར་བ་སོང་ཡོད་མེད། ཚིག་འདི་བོད་དབུས་གཙང་གཉིས་དང་། དེའི་ནང་ནས་ཀྱང་དབུས་ཁུལ་ལ་སྤྱོད་ཁྱབ་ཆེ་བ་ལས། མདོ་སྟོད་སྨད་ཀྱི་ས་ཁུལ་དུ་བེད་སྤྱོད་མེད་པ་དེ་སྟེས་དབང་ཙམ་ཡིན་དང་། དེ་ལ་རྒྱུ་མཚན་གཞན་ཡོད་མེད་སོགས་ཡིན། གྲོགས་པོ་ཚོས་མུ་མཐུད་ཐུགས་སྣང་གནང་སྟེ་དགོངས་འཆར་གནང་རོགས། མིང་ཚིག་གཅིག་གི་བྱུང་ལུགས་བྱུང་སྟངས་དེ་ཚོ་གསལ་པོ་བཟོ་ཐུབ་ནའང་། བོད་དང་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་མ་གཏོགས་ཞབས་འདྲེན་དུ་ནམ་ཡང་མི་འགྱུར།། །།