2011-07-02

༄༅།། མཁས་པའི་དབང་པོ་བྲ་ཏི་རིན་ཆེན་དོན་གྲུབ།

(གསལ་བཤད། ཕྲན་གྱིས་དེ་སྔོན་བྲ་ཏིའི་སུམ་རྟགས་ལ་སློབ་སྦྱོང་བྱེད་ཞོར། གཞུང་དེའི་རྩོམ་པ་པོ་བྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་རྣམ་ཐར་བཙལ་འཚོལ་ཞུས་ཀྱང་ཞལ་གསལ་བ་ཞིག་མ་རྙེད། ཉིན་ཞིག་རིག་པའི་གྲོགས་པོ་ན་ག་སངས་རྒྱས་བསྟན་དར་ལགས་ལ་དེའི་སྐོར་ཞུ་སྐབས། ཁོང་གིས་གཤམ་གསལ་བྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་ལོ་རྒྱུས་བྲིས་མ་ཞིག་གནང་བྱུང་། ལོ་རྒྱུས་འདིའི་མཇུག་ཏུ། ལོ་རྒྱུས་འདི་ཟིན་བྲིས་དགོད་སྟངས་དང་ཁུངས་ལུང་གསུངས་འདུག་ཀྱང་། དེ་ལྟར་དགོད་མཁན་གྱི་མཚན་མི་གསལ། འོན་ཀྱང་ལོ་རྒྱུས་འདིར་ཞིབ་ཆ་གང་ཙམ་འདུག་སྟབས་གཞན་ལ་ཕན་སྲིད་པར་མ་ཟད། རྩ་བརླག་ཏུ་སོང་ན་ཕངས་སྙམ་སྟེ་ཕྲན་གྱི་ཟིན་བྲིས་ནང་བཀོད་པ་ལགས།) 
༈ མཁས་དབང་འདི་ནི་རབ་བྱུང་བཅུ་གཅིག་པ། ཕྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་ལ་མདོ་སྨད་དཔའ་རིས་ཡུལ་གྱི་བྲ་ཏི་ཞེས་པའི་ཚོ་བར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཞོགས་དོན་ཡོད་མཁས་གྲུབ་(1)༼༡༦༧༡-༡༧༣༡༽ཀྱི་སྐུ་མདུན་ནས་རབ་ཏུ་བྱུང༌། སེ་རྭ་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་བཞུགས། ལྷོ་པ་ཁང་ཚན་གྱི་ཕུར་ལྕོག་རྗེ་བཙུན་ངག་དབང་བྱམས་པ་(2)༼༡༦༨༢-༡༧༦༢༽སོགས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཐར་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཀྱང་དེ་ཙམ་གྱིས་མཁས་པའི་ཡང་རྩེར་སོན་པ་མ་བྱུང་བས། ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་ཀྱི་མན་ངག་ཞུས་ཏེ། སེ་རྭ་ནས་རྟ་ལམ་ཉིན་གཉིས་ཀྱི་ས་བྲག་ཡེར་པ་ཞེས་པར། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཁང་དུ་འཇམ་དབྱངས་དཀར་པོ་ཡུན་རིང་བསྒྲུབས། འོན་ཀྱང་རྟགས་དང་མཚན་མ་གང་ཡང་མ་བྱུང་བས། ཐུགས་སྐྱོ་ནས་ཕྱིར་ཕེབས་ཏེ་གངས་སྟོད་དུ་འབྱོར་བ་ན། གནས་དེར་བྲག་ཕུག་ཙོག་པུ་བའི་གནས་ལྟ་བུ་ཞིག་ཡོད་པ་དེར། ངལ་གསོས་ནས་བཞུགས་ཉིད་གཉིད་ཅུང་ཁུག་པ་ན། རྨི་ལམ་དུ་ཨ་ཡིག་དཀར་པོའི་ཆར་བབས་པ་དང༌། ཨ་ཡིག་རྣམས་གཅིག་ནས་གཅིག་ཏུ་འདུས་ཏེ་མཐར་ཨ་ཡིག་གཅིག་པུ་དེ་རང་ཉིད་ལ་ཐིམ་པ་རྨིས། གཉིད་ལས་སད་པ་ན། བྲག་དེར་ཨ་རང་བྱོན་ཞིག་གཟིགས། ད་ལྟའང་བྲག་དེར་ཨ་ཡིག་མངོན་སུམ་དུ་མཇལ་རྒྱུ་ཡོད།
       དེ་ནས་སེར་སྨད་དུ་བྱོན་ནས་སླར་ཡང་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བཅར་ཏེ། རྟགས་དང་མཚན་མ་སོགས་གང་ཡང་མ་བྱུང་བའི་ལོ་རྒྱུས་བཅས་ཞུས་པར། ལན་དུ་སེམས་ཁྲལ་བྱེད་མི་དགོས། ཁྱེད་རང་གིས་བསྒྲུབས་ཡོད། སང་ཉིན་སྔ་དྲོ་ཇ་ཡག་པོ་ཞིག་བཟོས། དེ་བཏུང་ནས་ཕྱག་དཔེར་གཟིགས་གསུངས་པས། ཞོགས་ཆོས་དམ་བཅའ་ཆེན་མོ་ཡོད་ཀྱང་མ་ཕེབས་པར་བླ་མའི་བཀའ་བཞིན་ཕྱག་དཔེ་གཟིགས་ནས་བཞུགས་པས། སྔར་དང་མི་འདྲ་བའི་མྱོང་བ་ཁྱད་པར་ཅན་སྐྱེས། དགོང་མོ་དམ་བཅའ་ཆེན་མོར་ཕེབས་ནས་རྟགས་བསལ་བཏང་གནང་བས། མཁས་དབང་སུས་ཀྱང་གླགས་རྙེད་པ་མ་བྱུང་སྟབས། དེ་དག་གིས་བྲ་ཏི་དགེ་བཤེས་སྨྱོན་པས་རྟགས་བསལ་སྒྲིག་མ་བཟོས་ཕྱིན་འདུག་ཟེར་རོ།།