2010-03-08

གསུམ་བཅུའི་དུས་དྲན།



༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སའི་ནོར་བུ་གླིང་ཁའི་གཞུང་སྒོའི་མདུན་དུ་ཆོལ་གསུམ་བོད་མིས་ཞི་བའི་སྒེར་ལངས་བྱེད་བཞིན་པ།

༄༅།། གསུམ་བཅུའི་དུས་དྲན་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་གི་རྗེས་དྲན་ཡིན་ལ་རྒྱལ་གཅེས་དཔའ་བོ་ཁྲི་སྟོང་མང་པོས། རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཐ་དག བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ཕུལ་བའི་རྨད་བྱུང་སྙིང་སྟོབས་ལ་གུས་བཀུར་རྗེས་དྲན་དང༌། ཁོང་ཚོའི་སྙིང་སྟོབས་དེ་མི་རབས་ཕྱི་མ་རྣམས་ཀྱིས་རྒྱུད་འཛིན་བྱེད་དགོས་པའི་དྲན་སྐུལ་ཡང་ཡིན། མདོར་བསྡུས་ནས་བཤད་ན། གསུམ་བཅུའི་དུས་དྲན་ནི། བོད་ཀྱི་བསྟན་སྲིད་རང་དབང་དེ་དགྲ་བོ་རྒྱ་དམར་གྱི་འོག་ཏུ་ཡོངས་སུ་ཤོར་ཁའི་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ལ་རྗེས་དྲན་ཞུ་བ་ཞིག་ཡིན་ཞིང༌། ཉིན་མོ་འདིར་ཆོལ་གསུམ་བོད་མིས་བཙན་འཛུལ་བ་རྒྱ་ནག་དམར་པོའི་གཞུང་གི་དབང་སྒྱུར་འོག་ནས་རང་དབང་སྒེར་ལངས་བྱས་ཤིང་། ཉིན་འདིའི་རྗེས་ཙམ་ནས་ང་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག བོད་ཀྱི་བསྟན་སྲིད་བདེ་དོན་གྱི་ཆེད་དུ་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་དང༌། བོད་འབངས་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་ཏེ། རང་ཡུལ་གཞན་ལག་ཏུ་ཤོར་བའི་ཆེས་ཐབས་རྡུགས་ཀྱི་འཚོ་བ་སྟེ། མི་ཡུལ་གྱི་སྡུག་བསྔལ་ཡོད་རྒུ་ང་ཚོའི་མི་རིགས་འདིས་མྱོང་དགོས་བྱུང༌།

༡༩༥༩ ཕྱི་ཟླ་ ༣ ནང་རྒྱ་དམག་གིས་དྲག་གནོན་བྱས་ཏེ་བོད་དམག་འཛིན་བཟུང་བྱེད་བཞིན་པ།
དེ་ཡང་ང་ཚོའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན། གསུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་བོད་རྗེ་ཆོས་རྒྱལ་ཚོའི་སྐུ་དུས་ནས། ྋགོང་ས་སྐུ་ཕྲེང་རིམ་བྱོན་བར་གྱི་ལོ་རྒྱུས་ལས་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་འཕྲོད་ངེས་ཡོད་པ་མ་ཟད། བོད་ཀྱི་ས་ཁམས་ཆགས་ཚུལ་དང༌། སྐད་ཡིག ཆས་གོས། རིག་གཞུང་སོགས་ཀྱི་ཐོག་ནས་ཀྱང་བོད་མི་རིགས་འདི་རྒྱ་མི་རིགས་དང་འབྲེལ་མེད་ཐ་དད་ཀྱི་མི་རིགས་གཙང་མ་ཞིག་ཡིན་པ་གསལ་པོ་ཡོད་རུང༌། གཅིག་ནས་བོད་སིལ་བུར་གྱུར་རྗེས་ཡུལ་ཚོ་ཡུལ་ཚོ་ཁག་བགོས་སོང་སྟབས་ཚོ་ཁག་ནང་ཕན་ཚུན་མི་མཐུན་པའི་འཐབ་རྩོད་ཀྱང་ཡང་ཡང་བྱུང་ཞིང་རྒྱ་ནག་གཙོ་གྱུར་ཕྱི་རྒྱལ་ཚོས་བོད་ཀྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱུང་རིགས་ལའང་བཀག་འགོག་འགན་ཁུར་སྤྱི་ཟོམ་དུ་ལུས་ཏེ། འཐུས་ཤོར་ཇེ་ཆེར་སོང་བ་ཉེར་ལེན་དང༌། གཉིས་ནས་རྒྱ་ནག་ཡོངས་རྫོགས་དམར་པོས་དབང་བསྒྱུར་བྱས་རྗེས་སྔར་རྒྱ་ནག་གི་གོང་མ་རིམ་པའི་དུས་སུ་རྒྱ་བོད་མཆོད་ཡོན་གྱི་འབྲེལ་ལམ་སྣ་ཚོགས་ཤིག་བྱུང་བ་དེར་བསྙད་དེ། བོད་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་གླེང་ཐོག ༡༩༤༩ ལོ་ནས་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ་ ༡༩༥༡ ལོར་ཁྲིམས་མཐུན་དང་དྲང་བདེན་མ་ཡིན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་བཙན་ཤེད་ཀྱིས་མིང་རྟགས་བཀོད་དུ་བཅུག་པ་མ་ཟད། བོད་གཞུང་གི་དམ་ཕྲུག་ཀྱང་རྫུན་བཟོ་བྱས་ཏེ་ཕབ་པ་དང༌། དེ་རྗེས་ཐོག་མར་རྒྱ་བོད་མི་རིགས་ནི་སྤུན་ཟླ་ཡིན་ཞེས་བཅོས་མའི་འཛུམ་གྱིས་བློ་བྲིད་སྣ་ཚོགས་དང༌། བར་དུ་བོད་མི་ཀླད་ཆུང་འགའ་ཤས་ལ་ངན་སློབ་དང་དངུལ་དངོས་ཀྱི་འགྲོ་གྲོན་ཕངས་མེད་བཏང་ནས་བསླུ་མཁས་དུ་མ་བྱས།