2010-02-12

བོད་ཀྱི་ལོ་གསར་ངོ་སྤྲོད།



(རྩོམ་འདིའི་ནང་གི་རི་མོ་ཡོངས་རྫོགས་བྷེལ་ཇམ་དུ་བཞུགས་པའི་རི་མོ་བ་ཕུར་བུ་རྡོ་རྗེས་བྲིས་ཤིང་། དགུ་ཐུག་གི་སྐོར་དེར་ཤེས་བྱ་གསར་དེབ་ཀྱི་རྩོམ་སྒྲིག་པ་གྲོགས་པོ་སྐལ་བཟང་མཁས་གྲུབ་ཀྱིས་རོགས་པ་གནང་། ལོ་གསར་གྱི་ཁ་ཟས་སྐོར་ལ་བོད་གཞུང་ལས་བྱེད་གསོལ་ཚང་གི་འགན་འཛིན་དང་མ་བྱན་ཆེ་མོ་བ་ཟུར་པ་དགེ་འདུན་ལགས་ཀྱིས་འགྲེལ་བཤད་རོགས་རམ་གནང་། དེ་བཞིན་བདག་གི་བཟའ་ཟླ་སྟེང་དཀར་ཚང་འཚམས་ལགས་ཀྱིས་ཀྱང་རྒྱུས་སྟོན་གནང་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ།)

བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་ལོ་གསར་གཏོང་ཕྱོགས་ཡོངས་སུ་གཅིག་མཐུན་ཞིག་མེད་པ་སྟེ། གཙང་ཁུལ་དུ་མི་མང་ཆེ་བས་བོད་ཟླ་ ༡༢ ཚེས་ ༡ ནས་ལོ་གསར་གཏོང་བ་དང༌། ཨ་མདོའི་མཚོ་སྔོན་སོགས་ས་ཁུལ་འགའ་ཞིག་ལ་རྒྱ་རྩིས་ཆེས་ཆེར་དར་བའི་དབང་གིས་ལོ་གསར་ཡང་རྒྱ་རྩིས་གཞི་བཟུང་རྒྱ་ལོའམ་རྒྱའི་དཔྱིད་གསར་དུས་ཆེན་ལྟར་རོལ་བ། ཀོང་པོ་ཁུལ་དུ་ཀོང་པོ་ཨ་རྒྱལ་དམག་ལ་ཆས་དགོས་བྱུང་བའི་དབང་གིས་ལོ་གསར་སྔོན་ལ་བཏང་བ་རེད་ཅེས་བོད་ཡུལ་ཀུན་ལས་ལོ་གསར་སྔ་བར་གཏོང་བ་སོགས་ལོ་གསར་གྱི་དུས་ཚེས་དང༌། བྱེད་སྒོ་རྣམས་ཕྲན་བུའི་མི་འདྲ་བ་ཡོད་ནའང༌། བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་ཆེ་བར་བོད་ཀྱི་སྐར་རྩིས་གཞི་བཟུང་བོད་ཟླ་ ༡ ཚེས་ ༡ ནས་ལོ་གསར་པའི་རྩིས་འགོ་ཐུན་མོང་དུ་བཟུང་ནས་ལོ་གསར་རྟེན་འབྲེལ་བྱེད་སྲོལ་ཡོད་པ་མ་ཟད།
བོད་རྒྱལ་ཁབ་ཀྱི་གཞུང་འབྲེལ་ལོ་གསར་གྱི་དུས་ཚེས་ཀྱང་འདི་རང་རྩ་འཛིན་གནང་མུས་ཐོག དེང་སྐབས་བོད་གཞིས་བྱེས་གཉིས་ཀྱི་སྨན་གཞིས་ཁང་གི་བོད་རྩིས་ལོ་ཐོ་ཡང་གང་སར་འགྲེམས་སྤེལ་བྱེད་བཞིན་པའི་བྱེད་ལས་དང༌། བོད་མི་ཚང་མའི་སེམས་ནང་རང་གི་རིག་གཞུང་གི་ལར་ཞེན་སྔར་ལྷག་གོང་དུ་འཕེལ་བཞིན་པར་བརྟེན། བོད་ཀྱི་ལོ་གསར་ཡང་བོད་རྩིས་གཞིར་བཟུང་གཅིག་མཐུན་དུ་རོལ་བའི་སྲོལ་བཟང་བོད་གཞིས་བྱེས་གཉིས་ཀར་སྔར་ལྷག་དར་འཕེལ་འབྱུང་བཞིན་ཡོད་པར་བརྟེན། འདིར་ཡང་དེ་ཉིད་གཙོ་བཟུང་གིས་གཞུང་འབྲེལ་མཛད་སྒོ་དང༌།

རྒྱ་ཁྱབ་ཀྱི་རང་བཞིན་ལྡན་པའི་དམངས་ཁྲོད་ལོ་གསར་རྟེན་འབྲེལ་གྱི་བྱེད་སྒོ་རྣམས་ས་བཅད་སོ་སོར་དབྱེ་ནས་ངོ་སྤྲོད་ཞུ་རྒྱུ་ཡིན།
དེ་ཡང་ལོ་གསར་གྱི་འགོ་མཇུག་བར་གསུམ་གྱི་རྟེན་འབྲེལ་བྱེད་སྒོ་རྣམས་ལ་བརྟག་ཞིབ་བྱས་ན། ལོ་གསར་གྱི་བརྒྱུད་རིམ་ཆ་ཚང་། ལོ་གསར་གྱི་གྲ་སྒྲིག་དང༌། ལོ་གསར་དངོས་གཞི། ལོ་གསར་གྱི་མཇུག་བསྡོམས་བཅས་གཞི་རྩའི་དབྱེ་བ་གསུམ་དུ་ཕྱེ་རུང་བ་ཡིན།

དང་པོ། ལོ་གསར་གྱི་གྲ་སྒྲིག

ལོ་གསར་གྱི་གྲ་སྒྲིག་བྱེད་སྒོའི་ཁོངས་སུ་ཀ༽སྤྱིར་བཏང་གི་དགོས་མཁོའི་གྲ་སྒྲིག་དང༌། ༢༽དགུ་ཐུག ༣༽ གནམ་གང་བཅས་ཁག་གསུམ་ཡོད།

ཀ༽ སྤྱིར་བཏང་གི་དགོས་མཁོ་གྲ་སྒྲིག བོད་ཟླ་ ༡༢ ནང་ནས་བོད་མི་ཚོས་རང་ཉིད་ཀྱི་ལོ་གསར་དེ་གྲ་རྒྱས་ཕུན་ཚོགས་ཤིག་འབྱུང་བའི་སླད་དུ། དགོས་མཁོའི་ཤ་མར་དང༌། ཟས་རིགས། ཤིང་འབྲས། ལོ་གསར་སྐབས་གྱོན་བྱེད་ཀྱི་གཟབ་སྤྲོས། དར་ཤིང༌། དར་ལྕོག ཤམ་བུ། སྡེར་ཁའི་ཁ་ཟས། ལུག་མགོ ཆང༌། ལོ་ཕུད་སོགས་ཆ་ཚང་གྲ་སྒྲིག་བྱེད་ཀྱི་ཡོད་པ་མ་ཟད། དགུ་ཐུག་གོང་གི་གཡང་གཟའ་སོགས་དུས་ཚེས་ངན་པ་མ་འཁེལ་བའི་ཉིན་གང་རུང་ལ། ཁྱིམ་ཚང་སོ་སོའི་ཐབ་ཚང་གིས་གཙོས་པའི་ཁང་པའི་ཕྱི་ནང་ཚང་མར་གད་ཕྱིས་གཙང་མ་བྱེད་པ་མ་ཟད། འཐག་ལས་དང༌། འཚེམ་བུ་སོགས་ལས་འགོ་བཙུགས་ཟིན་པའི་སྤྱིར་བཏང་གི་ལས་དོན་ཆ་ཚང་དགུ་ཐུག་གི་གོང་དུ་མཇུག་སྒྲིལ་ཐུབ་ཐབས་བྱེད་དགོས་སྟབས། ལོ་གསར་མ་རེད། ལས་གསར་རེད་ཅེས་མང་ཚོགས་ཀྱི་ཁ་རྒྱུན་དུ་ཡོད་པ་ལྟར་བྲེལ་ཟིང་ཤིན་ཏུ་ཆེན་པོ་ཡོད།

ཁ༽ དགུ་ཐུག དགུ་ཐུག་ནི་འཆར་ཁའི་ལོ་གསར་པའི་ནང༌། ནད་མུག་གདོན་བགེགས་སོགས་ཀྱི་འཚེ་བ་མི་ཡོང་བའི་ཆེད་དུ་བོད་ཟླ་ ༡༢ ཚེས་ ༢༩ ཉིན་བོད་གཞུང་དམངས་ཚང་མས་གལ་ཆེར་བརྩི་བའི་ཉིན་མོ༌ཞིག་ཡིན་ཞིང༌། དགུ་ཐུག་གི་བྱེད་སྒོའི་ཐོག་ནས་བསྟན་པ་དང་འགྲོ་བར་འཚེ་བའི་དགྲ་བགེགས་བར་ཆད་སོགས་མཐར་སྐྲོད་པའམ་ཟློག་ཐབས་ཐོག ལོ་གསར་པའི་ནང་རང་གཞན་ཚང་མས་ལེ་ལོ་དང་གཡོ་སྒྱུ་སོགས་མི་དགེ་བའི་བསམ་སྤྱོད་སྤངས་ཏེ། ངང་རྒྱུད་རིང་ཞིང༌། སེམས་པ་བཟང་བ། སྤྱི་སྒེར་གྱི་ལས་དོན་གང་ལའང་ལྷག་བསམ་བརྩོན་འགྲུས་བྱས་ཏེ་ཞི་བདེ་ཆོས་མཐུན་གྱི་འཚོ་བ་སྐྱེལ་དགོས་པའི་བོད་མི་རིགས་ཀྱི་གཞི་རྩའི་ལྟ་བ་མཚོན་ཐུབ་ཀྱི་ཡོད།

ཁ། ༡༽ གཞུང་འབྲེལ་མཛད་སྒོ། བོད་རྒྱ་ནག་གིས་བཙན་བཟུང་མ་བྱས་སྔོན་དུ། བོད་ཟླ་ ༡༢ ཚེས་ ༢༩ ཉིན་རྩེ་དགུ་གཏོར་ཆེན་མོ་ཞེས་པ་ཞིག་འཚུགས་སྲོལ་ཡོད་ཅིང༌། ཉིན་དེར་བཀའ་ཤག་ལྷན་རྒྱས་དང༌། ཞབས་པད་༼ཞབས་པད་ནི་བཀའ་བློན་གྱི་ཆེ་མིང་ཡིན༽རྣམ་པ་ན་གཟའ་འཁོར་བརྒྱད་སེར་པོ་དང༌། ཛ་སག་དང་ཐའི་ཇི་༼ཛ་སག་དང་ཐའི་ཇི་ནི་གཞུང་ཞབས་གནས་རིམ་གསུམ་པ་ཡིན༽རྣམ་པ་ན་གཟའ་ཚོན་ཁྲ། རིམ་བཞི་རྣམ་པ་རྒྱུན་ཆས། དེ་བྱིངས་རྣམས་རྒྱ་ལུ་ཆས་བཞེས་ཏེ་ྋགོང་ས་མཆོག་གི་མཇལ་ཁར་བཅར་དགོས་པ་དང་འབྲེལ་གསོལ་ཚིགས་གྲུབ་རྗེས་ཕོགས་དཔོན་དང༌། མདའ་དཔོན་ཡན་གྱིས་ྋགོང་ས་མཆོག་ལ་མཇལ་དར་ཕུལ་ཏེ།




(པར་དང་པོ་རྩེ་དགུ་གཏོར་སྐབས་ཀྱི་གར་འཆམ་གྱི་ཚན་པ་གཅིག་དང་། པར་གཉིས་པ་རྩེ་དགུ་གཏོར་སྐབས་ཀྱི་གནའ་བོའི་ཆོས་རྒྱལ་ཚོའི་སྐབས་ཀྱི་དམག་དཔུང་གི་རྒྱུན་ཡིན་པར་གྲགས་པའི་གཟིམ་སྦྱོང་དམག་མི་ཡིན།)

རྩེའི་རབ་གསལ་ནང་ྋགོང་ས་མཆོག་བཞུགས་པའི་སྐུ་རྒྱབ་ཏུ་བཀའ་ཤག་ལྷན་རྒྱས་དང༌། དྲུང་བྱིངས་རྣམས་རྩེ་ཕོ་བྲང་གྱི་བདེ་ཡངས་ཤར་དུ་དབུ་གུར་ནང་བཞུགས་གྲལ་དུ་འཁོད་འཕྲལ། རྩེ་རྣམ་རྒྱལ་གྲྭ་ཚང་གི་ཚོགས་ཡོངས་ནས་གཏོར་སྒྲུབ་དང་འབྲེལ་དགུ་གཏོར་གྱི་གར་འཆམས་དང༌། ལིང་ཀ་བསྲེགས་པ། ཞོལ་རྡོ་རིང་ཕྱི་མའི་འགྲམ་དུ་ལྕགས་མཁར་ཟོར་འཕེན་གནང་གི་ཡོད་ཅིང༌། གོང་གསལ་འཆམས་གཟིགས་གྲུབ་སྟེ་གཏོར་རྒྱག་ཐོན་པ་དང་མཛད་སྒོ་གྲོལ་བ་ཡིན། དེང་སྐབས་བཙན་བྱོལ་ནང་དགུ་གཏོར་གར་འཆམ་མེད་ཀྱང་། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་སྐུ་བཅར་ཕན་བདེ་རྣམ་རྒྱལ་གྲྭ་ཚང་གིས་གཏོར་སྒྲུབ་དང་འབྲེལ་གཏོར་རྒྱག་སྔར་སྲོལ་ལྟར་གནང་གི་ཡོད།

ཁ། ༢༽ དམངས་ཁྲོད་ཀྱི་བྱེད་སྒོ། དམངས་ཁྲོད་དུ་དགུ་ཐུག་གི་དགོང་དྲོ་གྲ་སྒྲིག་བྱེད་དགོས་པའི་ནང་ནས་གཅིག་ནི་ཉིན་འདིའི་མིང་དང་མཚུངས་པར་ཁྱིམ་ཚང་ཆེ་ཆུང་ཚང་མས་དགུ་ཐུག་ཅེས་ཐུག་པ་བག་ཐུག་བསྐོལ་རྒྱུ་དེ་ཡིན། དེ་ལ་དམིགས་བསལ་དོ་སྣང་བྱེད་དགོས་པ་ནི་བག་ཚ་བཟོ་སྐབས་རྒྱུན་ལྡན་དང་མི་འདྲ་བ་ཞིག་བྱེད་དགོས་པ་དེ་ཡིན། དེ་ཡང་མིའི་བསམ་སྤྱོད་བཟང་ངན་མཚོན་བྱེད་དུ་གྲོ་ཞིབ་ལས་ཉི་ཟླ་སོགས་གཟུགས་དབྱིབས་ཁག་ཅིག་བཟོ་བ་དང༌། ཡང་བག་ཚ་གཞན་ལས་ཆེ་ཙམ་བྱས་པའི་ཕྱི་དབྱིབས་གཅིག་མཚུངས་ཀྱི་ནང་དུ་མཚོན་རྫས་སྣ་ཚོགས་བཅུག་པ་ཁག་ཅིག་བཟོ་སྲོལ་རྣམས་ཀྱི་དབྱིབས་མིང་དང་མཚོན་རྫས་སྣེ་རིགས། མཚོན་དོན་བཟང་ངན་གྱི་འགྲེལ་བཤད་གཤམ་གསལ།

དགུ་ཐུག་ནང་གྲོ་ཞིབ་ལས་བཟོས་པའི་བག་ཚའི་གཟུགས་དབྱིབས་ཀྱི་དཔེ་མཚོན་དང་འགྲེལ་བཤད།


ཉི་མ། ཀུན་ཁྱབ་ཉི་མ་ལྟར་གཟི་བརྗིད་དང་སྙན་གྲགས་ཆེ་བ་མཚོན།

ཟླ་བ། མུན་སེལ་ཟླ་བ་ལྟར་ཕན་སེམས་དང་སྙན་གྲགས་ཆེ་བ་མཚོན།

བླ་མ་དཀོན་མཆོག དྲང་བདེན་དང་ལྷག་བསམ་རྣམ་དག་མཚོན།

དམ་ཆོས་པུ་ཏི། ཆོས་སེམས་ཆེ་ཞིང་ཤེས་རིག་ཡོན་ཏན་ལྡན་པ་མཚོན།

གདན་ཆུང་གྲུ་བཞི། དལ་དལ་ལྷོད་ལྷོད་ཡོང་བ་མཚོན།

སྡུག་གྲོད་སྒོར་མོ། ལྟོ་རྒྱགས་ཚད་བཟས་ནས་ཉལ་སྡོད་པ་མཚོན།


གཟེ་མ་ར་མགོ། ཀུན་ལ་ཟུག་པ་ལྟར་མཐུན་སྒྲིལ་མེད་པ་མཚོན།

མ་ནུས་རྩེ་ཀྱོག ལས་ཀ་མི་ནུས་པར་འཇིང་པ་ཀྱོག་ནས་སྡོད་པ་མཚོན།

ཡར་སྙུང་མར་སྙུང༌། ཕྲ་མ་དང་དཀྲུག་ཤིང་བྱེད་པ་མཚོན།
ལྟོགས་སླ་རྩེ་སྙུང༌། ཟ་འདོད་ལྟོགས་ཤེད་ཆེ་བ་མཚོན།

ཌ་མ་རུ། ཡིད་བརྟན་མེད་པའི་མགོ་གཉིས་མ་མཚོན།


ལན་ཆགས་རྒྱབ་ཁུར། ནལ་བུ་འཁྱེར་བའམ་བཟོ་བ་མཚོན།




དགུ་ཐུག་ནང་བཟོ་དབྱིབས་དང་ཆེ་ཆུང་མཚུངས་པའི་བག་ཚའི་ནང་འཇུག་རྫས་ཀྱི་མཚོན་དོན་འགྲེལ་བཤད།
རྡོ་དཀར་གོང༌། སེམས་པ་བཟང་བ་མཚོན།

བལ་དཀར་པོ། བློ་སྣ་རིང་ལ་གཤིས་ཀ་བཟང་བ་མཚོན།

སྐུད་པ་ནང་འགྲིམ། སེམས་ནུས་ནང་ལ་སྒྲིམ་པ་མཚོན།

སྐུད་པ་ཕྱི་འགྲིམ། བློ་རྩལ་ཕྱི་ལ་འདོན་པ་མཚོན།

དཀར་ཡོལ། ལྟོ་ལ་དཀར་ལ་ལས་ལ་གཡོལ་བ་མཚོན།

སོལ་བ། སེམས་པ་ནག་པོ་མཚོན།

སིལ་པན། ཀུན་ལ་ཁ་ཚ་བ་མཚོན།

ཤོག་བུ། རྐུན་མ་ཤུག་ཤུག་བརྐུ་བ་མཚོན།

སྲན་རིལ། སྤྱང་པོ་དང་མགོ་བདེ་པོ་ཡིན་པ་མཚོན།

ཙོང༌། སྟུག་དྲི་ཚ་བ་མཚོན།

ཚྭ། རྐུབ་ལ་ཚྭ་དོས་སྦྱར་ཞེས་སྒྱིད་ངན་ཡིན་པ་མཚོན།

ཁུ་ལུ། བློ་སྣ་ཐུང་བ་མཚོན།

དེང་སྐབས་མི་རྣམས་ལ་དུས་ཚོད་དཀོན་པས་ཤོག་བུའི་ཐོག་ཉི་མ་དང་བལ་སོགས་ཡི་གེ་བྲིས་ཏེ་བག་ཚའི་ནང་བླུག་གི་འདུག་ཅིང་། བྲེལ་བ་ཆེ་སྐབས་ཐབས་ལམ་འདི་སྟབས་བདེ་པོ་ཡང་འདུག འོན་ཀྱང་ཤོག་བུའི་ཐོག་ངེས་པར་སྐམ་སྨྱུག་གིས་བྲིས་ན་ལས་སྣག་སྨྱུག་གིས་བྲིས་ན། བག་ཚའི་ནང་ཡི་གེ་ནོག་སྟེ་གང་ཡིན་མི་ཤེས་པ་ཆགས་ཉེན་ཡོད།
དགུ་ཐུག་གི་ཐུག་པའི་རྡོར་ལ། ཤ་དང་ལ་ཕུག གྲོ་མ། སྲན་སྦོས། སྔོ་ཚོད། ཕྱུར་བ་སོགས་ཟས་རིགས་སྣེ་ཁ་དགུ་དགོས་པ་རྣམས་ཁོག་མའི་ནང་ཚོས་དཀའ་སླའི་ཁྱད་པར་བཞིན་བླུགས་ནས་བསྐོལ་དགོས།
ཡང་དགུ་ཐུག་གི་ཉིན་གླུད་རྫོངས་ཞེས་པ་ཞིག་གྲ་སྒྲིག་བྱེད་དགོས་ཤིང་། དེ་ཡང་རྫ་ཁོག་ཆག་པོའམ་ལྕགས་ཁོག་སོགས་ནོར་དུ་མི་རུང་བའི་སྣོད་ཅིག་གི་ནང་བྱུང་ན་པག་ལས་མི་གཟུགས་ཀྱི་གླུད་ཅིག་བཟོས་ཏེ་དེའི་མཐའ་འཁོར་དུ་ཇ་རོ་དང་སྦང་མ་སོགས་ཟས་ཀྱི་སྙིགས་རོ། ཁྱིམ་ནང་གད་འཕྱིད་བྱས་པའི་གད་སྙིགས་ཕྲན་བུ། ནང་མི་རྒན་གཞོན་ཚང་མས་ལག་གཉིས་སུ་ཟན་གྱི་ཆང་བུ་རེ་བཟུང་སྟེ་སོ་སོའི་སྤྱི་གཙུག་ནས་རྐང་པའི་བར་ལ་དྲིལ་ཕྱིས་བྱེད་བཞིན་རང་ཉིད་ཀྱི་ཁ་ནས། ཨ་ཚ་ཚ་བ། ཨ་ན་ན༌བ། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ལོ་གཅིག་ཟླ་བ་བཅུ་གཉིས། ཞག་མ་གསུམ་བརྒྱ་དྲུག་ཅུ་ལ་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གླུད་ཁྱོད་ཀྱིས་འཁྱེར་ཏེ་ཕྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོང་ཞིག་ཅེས་བརྗོད་པའི་མཐར་ལག་གཉིས་ཀྱིས་ཆང་བུ་དམ་པོར་བསྡམས་ནས་ལག་རྗེས་བཞག་པ་དེ་ལ་ཐུ་ལུད་བརྒྱབ་སྟེ་མི་གཟུགས་ཀྱི་གླུད་དེའི་མཐའ་འཁོར་དུ་བསྐྱུར་དགོས། གླུད་ཅེས་པ་ནི་གླུ་བྱེད་ཀྱི་དོད་དམ་ཚབ་ལྟ་བུ་ཞིག་ལ་གོ་དགོས།
དེ་ནས་ཉི་མ་མ་བཞུད་ཙམ་ལ་ནང་མི་ཡོངས་རྫོགས་རྒན་གཞོན་གོ་རིམ་བཞིན་གྲལ་དུ་འཁོད་པའི་དཀྱིལ་དུ་ཁོག་སྟེགས་སྟེང་ཐུག་ཁོག་ཕབ། སྔར་སྲོལ་ལྟར་ན། བག་ཐུག་བླུག་དུས་སྒམ་ནན་ཧ་ཅང་ཆེན་པོ་བྱེད་པ་སྟེ། ནང་གི་ཨ་མའམ་མ་བྱན་གྱི་མིག་གཉིས་དར་རས་དཀར་པོས་བཀབ་ཐོག་ལག་གཡས་པར་ཟར་བུ་བཟུང་། ལོ་གཞོན་གཞན་ཞིག་གིས་ནང་མི་རྣམས་ཀྱི་ཕོར་པ་ཁོང་གི་ལག་པར་རེ་རེ་བཞིན་ཕུལ་མཚམས་ཟར་བུས་ཐུག་པ་དཀྲུག་སྐོར་ཐེངས་གསུམ་རེ་བྱས་ཏེ་ཕོར་པའི་ནང་བླུགས་ཏེ་ནང་མི་སོ་སོར་ཕུལ། ཐུག་ཐེངས་དང་པོ་བླུགས་ཟིན་རྗེས་མ་བྱན་གྱི་མིག་རས་བཀྲོལ་རྗེས་ཚང་མས་བག་ཐུག་མཆོད་དགོས་ཤིང་། སྔོན་ཚུད་ནས་སྡེར་མ་གཉིས་ཁྱིམ་བདག་རྒན་ཤོས་ཀྱི་མདུན་དུ་བཞག་དགོས་པ་དེའི་ནང་སོ་སོའི་ཕོར་པའི་ནང་ནས་མཚོན་དོན་བཟང་ངན་ག་རེ་ཐོན་པ་རྣམས་ནང་མི་རྒན་ཤོས་ཀྱི་མདུན་དེར་འབུལ་དགོས། མཚོན་དོན་བཟང་བ་རྣམས་སྡེར་མ་གཡས་ཕྱོགས་དང་། མཚོན་དོན་ངན་པ་རྣམས་གཡོན་ཕྱོགས་ཀྱི་སྡེར་མའི་ནང་འཇོག་པ་མ་ཟད། ཐོན་རིམ་བཞིན་ཚང་མས་བཞད་གད་དང་གླེང་མོ་ད་དིར་དུ་སྒྲོག་བཞིན་བཞུགས་གྲལ་བག་བྲོ་བར་གྱུར། དེ་ལྟར་མི་རེས་ཉུང་མཐར་བག་ཐུག་ཕོར་པ་དོ་རེ་འཐུང་དགོས་ཤིང་། རྗེས་མ་དེར་བཟའ་འཕྲོ་ཕྲན་བུ་བཞག་ནས་གླུད་དང་ཆང་བུ་བླུགས་པའི་རྫ་ཁོག་ནང་དགུ་ཐིགས་བརྒྱབ་ནས་བླུག་དགོས། དེ་བཞིན་ཚང་མ་བག་ཐུག་བཏུང་ཟིན་རྗེས་མཚོན་དོན་བཟང་བ་བསགས་པའི་སྡེར་མ་དེ་ཁང་སྟེང་གི་གོང་ལའི་ཐོག་སྐྱེལ་དགོས་པ་དང་། མཚོན་དོན་ངན་པ་བསགས་པ་རྣམས་གླུད་ཁོག་ནང་བླུག་དགོས།
འོན་ཀྱང་དེང་སྐབས་མི་ཚོས་སྟབས་བདེ་བྱས་ཏེ་ས་རུབ་མ་རུབ་ཙམ་ལ་དགུ་ཐུག་འཕྲལ་སེལ་རེ་བཏུང་བའི་འཕྲོ་གླུད་ཁོག་ནང་དགུ་ཐིགས་བརྒྱབ་སྟེ་བླུགས་རྗེས་གླུད་རྫོང་བྱེད་པ་དང་། གླུད་རྫོང་ཚར་རྗེས། གཞི་ནས་ལྷོད་ལྷོད་བྱས་ཏེ་ནང་མི་རྣམས་བག་ཐུག་འཐུང་གི་འདུག
གླུད་རྫོང་དངོས་གཞི་ནི། ས་སྲིབ་པ་དང་ནང་མི་གཞོན་གྲས་སྐྱེས་པ་གཉིས་ཀྱིས་སྐྱ་ཚེར་རམ། ཡང་ན་གྲོ་ཡི་སོག་མ་དབྱུག་པའི་མགོར་བསྡམས་པའི་མེ་ཚེར་རམ་དཔལ་འབར་ལ་མེ་སྦར་ནས་ཁང་མིག་ཚང་མའི་ནང་ཞིབ་བཤེར་གྱིས། མར་ཤོག མར་ཐོན་ཤོག ཟེར་བའི་ང་རོ་དྲག་པོ་སྒྲོག་བཞིན་དུ་གདོན་བགེགས་རྣམས་སྡོད་ཐབས་མེད་པ་ལྟ་བུའི་དྲག་འདེད་བྱེད་པ་དང་། གཞོན་གྲས་གཅིག་གིས་གླུད་ཁོག་ཁྱེར་ནས་ཁང་པའི་ཕྱི་ལ་ཐོན་པའི་རྗེས་སུ་མེ་ཚེར་གྱིས་འདེད་ཅིང་། ཁྱིམ་ཚང་ཆེ་བ་ཚོས་གླུད་ཀྱི་རྗེས་སུ་སྒོ་ཕྱིར་བོད་མདའ་ཡང་རྒྱག་སྲོལ་ཡོད། ནང་མི་རྒན་གྲས་ཚོས་ལག་གཉིས་ཀྱིས་བཟློག་པ་དྲག་པོ་རྡེབ་པ་དང་བཅས་གླུད་རྫོང་པ་ཕྱིར་ཐོན་མ་ཐག་ཕྱི་སྒོ་དམ་པོར་གནོན་དགོས། གླུད་རྫོང་དུ་འགྲོ་མཁན་རྣམས་ཀྱིས་གཟབ་ནན་བྱེད་དགོས་པ་ཞིག་ནི། ཕར་འགྲོ་སྐབས་རང་ཁྱིམ་ལ་ཕྱིར་བལྟས་སློག་རྒྱུ་མེད་པ་དང་། ཚུར་ལོག་སྐབས་གླུད་གཡུགས་ས་དེར་ཕྱིར་མིག་བལྟ་མི་རུང་། དེ་ནི་གདོན་བགེགས་རྣམས་ཁྱིམ་དུ་བསྐྱར་ལོག་མི་བྱེད་པའི་ཆེད་ཡིན་ཟེར། གླུད་ཁོག་དེ་ལམ་བཞི་མདོ་ཁར་གཡུགས་ཏེ་མེ་ཚེར་ཡང་དེའི་ཐོག་སྤུངས། དུས་མཚུངས་སུ་ཉེ་འདབས་གྲོང་པ་ཡས་མས་ཀྱི་གླུད་རྫོང་པ་ཡང་དེར་མཉམ་འཛོམས་ཀྱིས་མེ་ཕུང་ཆེན་པོའི་མཐའ་སྐོར་ནས་དགྲ་བགེགས་ལས་རྣམ་པར་རྒྱལ་བའི་མཚོན་དོན་དུ་སྒོར་གཞས་ཀྱང་འཁྲབས་སྲོལ་ཡོད།
གླུད་རྫོང་པ་ནང་དུ་འཁོར་འཕྲལ་ནང་མི་གཅིག་གིས་ལམ་སེང་སྒོ་བརྒྱབ་དགོས་ཤིང་། ཡུལ་ཁ་ཤས་སུ་གླུད་རྫོང་པ་ནང་ལ་མ་འཛུལ་གོང་སྒོ་མ་ཕྱེ་བར་ཕྱི་ནས་སྒོ་བཤད་ཀྱང་རྒྱག་ཏུ་འཇུག་པ་དང་། སྒོ་བཤད་ཚར་རྗེས་སྒོའི་ནང་མེ་ཕུང་སྦར་བ་དེའི་སྟེང་ནས་མཆོང་འཇུག་གི་ཡོད། དེ་ནི་གདོན་བགེགས་རྗེས་སུ་འབྲངས་ཡོང་ན་འགོག་པའི་ཆེད་དུ་ཡིན་ཟེར།
དེ་ནས་ནང་མི་ཡོངས་རྫོགས་བཞུགས་གྲལ་དུ་འཁོད་དེ་ཐོག་མར་དགུ་ཐུག་གི་མཚོན་དོན་བཟང་པོ་ཐོན་པ་ཚོར་བུ་མོ་ཚོས་བསྟོད་ཚིག་གི་གཞས་དང་བཅས་ལེགས་ཆང་འདྲེན་པ་དང་། དེ་རྗེས་མཚོན་དོན་ངན་པ་ཐོན་པ་ཚོར་ཆད་ཆང་བསྟེར་བ་མ་ཟད། ཁོང་ཚོས་རྐྱང་གཞས་སམ་རྣམ་ཐར། ཞབས་བྲོ་བཅས་གང་རུང་འཁྲབས་བཅུག་གི་ཡོད། དེ་ཚོ་གང་ཡང་མ་ཤེས་མཁན་ཚོར་བྱ་དེའི་སྐད་དམ་བོང་བུའི་སྐད་སོགས་རྒྱག་བཅུག་སྟེ་སླར་ཡང་ཆད་ཆང་བསྟེར་གྱི་ཡོད།
ཁྱིམ་ཚང་རྩེད་འཇོ་ལ་དགའ་བ་ལ་ལས། ལན་ཆགས་རྒྱབ་ཁུར་ཐོན་མཁན་དེའི་སྒལ་པར་སྔས་རིལ་བསྐུར་ནས་ཡར་འགྲོ་མར་འགྲོ་བྱེད་དུ་འཇུག་པ་དང་། གཟེ་མ་ར་མགོ་ཐོན་མཁན་གྱི་གདོང་ལ་དྲེག་ནག་བྱུགས་ཏེ་ཁ་རྩོད་རྒྱག་སྟངས་འཁྲབ་ཏུ་འཇུག་པ། ཙོང་ཐོན་མཁན་ལ་བསང་ཕོར་སྤྲད་དེ་བཞུགས་གྲལ་དུ་བསང་གདུགས་བྱེད་འཇུག་པ། ཤོག་བུ་ཐོན་མཁན་ལ་ཅོག་ཙེའི་སྒང་ནས་དངུལ་ལོར་འཇབ་ལེན་བྱེད་དུ་འཇུག་པ་སོགས་མདོར་ན་དགུ་ཐུག་གི་དགོང་མོ་ཁྱིམ་ཚང་ཚང་མ་བཞད་གད་དང་གླུ་གཞས་ཀྱི་སྒྲས་གང་བཞིན་པར་ཕྱི་པོ་བར་སྡོད་ཀྱི་ཡོད།།


ག༽ གནམ་གང་།



གནམ་གང་ནི་ལོ་རྙིང་པའི་ཉིན་མཐའ་མ་དང༌། ལོ་གསར་པའི་སྐྱ་རེངས་ལྟ་བུ་ཡང་ཡིན་པས་ཉིན་འདིའི་བྱེད་སྒོ་ཡང་། ལོ་གསར་གྱི་རྟེན་འབྲེལ་མཚོན་པའི་དངོས་པོ་རྣམས་དངོས་སུ་སྒྲིག་གཤོམ་གང་རྒྱས་བྱེད་རྒྱུ་དེ་ཡིན་ཞིང་།སྒྲིག་གཤོམ་བྱས་པའི་རྟེན་འབྲེལ་གྱི་དངོས་པོའི་ཐོག་ནས་བོད་མིའི་འཚོ་ཐབས་གཙོ་བོ་ཞིང་ལས་དང་འབྲོག་ལས་གཉིས་ཀྱི་འབྲས་བུའི་ཉིང་བཅུད་མཆོད་ཡུལ་དཀོན་མཆོག་རྣམས་ལ་ཕུལ་ཏེ། ལོ་གསར་པའི་ནང་ལོ་ཕྱུགས་ལེགས་ཤིང་ནད་མུག་འཁྲུག་རྩོད་མི་ཡོང་བའི་རྟེན་འབྲེལ་མཚོན་གྱི་ཡོད།

ག ༡༽ གཞུང་འབྲེལ་བྱེད་སྒོ།
སྔོན་མ་གནམ་གང་ཉིན་མོར། རྩེའི་སྐུ་བཅར་ནང་མ་རྣམས་དང་རྩེ་ཤོད་གཞུང་ཞབས༌ལྟོ་ཟན་གང་ཡོད་ཚང་མར་ལོ་གསར་གྱི་ཤིང་འབྲས་དང༌། དཀར་སྤྲོ་བཅས་སྡེར་ཡིག་གཞི་བཟུང་གཞུང་གིས་གནང་གི་ཡོད། དེང་སྐབས་བཙན་བྱོལ་ནང་གནམ་གང་ཉིན་མོར་ཡང་རེས་གཟའ་སྤེན་པའམ་ཉི་མའི་གུང་གསེང་མ་འཁེལ་ཕྱིན་སྔ་དྲོ་ལས་བཅར་ཞུ་དགོས་ཤིང་། ལས་ཁུངས་སོ་སོའི་བཀའ་བློན་ཡིག་ཚང་ནང་བོད་གཞུང་ལས་བྱེད་གསོལ་ཚང་གིས་གནང་བའི་སྡེར་ཁ་དང་ཕྱེ་མར་སྒྲིག་གཤོམ་བྱེད་ཀྱི་ཡོད། ཉིན་གུང་རྗེས་ལས་བྱེད་ཕལ་མོ་ཆེས་ལས་བཅར་ཞུས་མ་ཡོང་།

ག ༢༽ དམངས་ཁྲོད་ཀྱི་བྱེད་སྒོ།
དམངས་ཁྲོད་དུ་གནམ་གང་ཉིན་མོར། ཁང་པའི་ཕྱི་ནང་གང་སར་གད་ཕྱིས་ལེགས་པར་བྱས་རྗེས། གྲོ་སོ་ཕྱེ་མར་དང༌། སྡེར་ཁ། ལུག་མགོ ལོ་ཕུད། ཆང་ཕུད། གྲོ་མ་འབྲས་བསིལ། ཇ། མར། ཚྭ། ཞལ་ཟས་བཅས་མཆོད་གཤོམ་མདུན་དུ་ངེས་པར་སྒྲིག་བཤོམ་བྱ་དགོས་པའི་ཐོག ཐུད་དང༌། ཤིང་འབྲས། ཤེལ་ཀ་ར་དང༌། བྱེ་རིལ། བུ་རམ་སོགས་ཟས་སྣའི་བྱེ་བྲག་ལེགས་གྲས་གང་འཛོམས་སྒྲིག་གཤོམ་བྱ་དགོས་པ་མ་ཟད། མཆོད་གཤོམ་དང༌། སྐུ་ཐང་ལ་སྙན་ཤལ་གསར་པ་སྒྲོན་པ། ཐབ་ཚང་གི་རྩིགས་ལྡེབས་སུ་གྲོ་ཕྱེའི་དཀར་ཐིག་གི་ཡལ་སེ་དང༌། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་རྣམ་པར་བརྒྱན་པ། ཆུ་ཟངས་དང༌། ཆུ་བན་སོགས་སྣོད་རྣམས་ལ་ཁ་བཏགས་དཀྲི་བ། གདུང་ཁེབས་དང་སྒོ་སྒེའུ་ཁུང་སོགས་ཀྱི་ཤམ་བུ་གསར་དུ་བརྗེ་བ། རྒྱལ་སྒོའི་མདུན་ནས་དཀར་ཐིག་འཐེན་ཏེ། སྣེ་རྫོགས་མཚམས་གཉིས་སུ་ཁྱི་སྣ་འབྲི་བ་དང༌། དཀར་ཐིག་གི་དཀྱིལ་དུ་བསྡུས་པར་གཡུང་དྲུང་དང༌། རྒྱས་པར་བཀྲ་ཤིས་རྟགས་བརྒྱད་འབྲི་སྲོལ་ཡོད། དེ་བཞིན་ཉིན་འདིར་བུད་མེད་རྣམས་ཀྱིས་མགོ་སྐྲ་ངེས་པར་བཀྲུ་བ་ཡིན་ཞིང་། སྐྱེས་པ་རྣམས་དགུ་ཐུག་གི་ཉིན་མགོ་སྐྲ་བཀྲུ་བ་ཤས་ཆེ།
ལོ་གསར་སྐབས་སྒྲིག་གཤོམ་བྱེད་པའི་རྟེན་འབྲེལ་དངོས་པོའི་ནང་ནས་གལ་ཆེ་ཤོས་ནི་ཕྱེ་མར་དང༌། སྡེར་ཁ། ལུག་མགོ ལོ་ཕུད་བཅས་ཡིན་ཞིང་། ཕྱེ་མར་ནི་གནའ་སྔ་མོ་བོད་མི་རྣམས་ཀྱིས་ལོ་གསར་དང༌། དགའ་སྟོན་རྟེན་འབྲེལ་ཁག་ལ་གྲོ་དང་ནས་ཀྱི་སྙེ་མའི་ཆུན་པོ་འབུལ་སྲོལ་ཡོད་པ་དེ། རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ། གཏན་འཛིན་ཁལ་རུ་འབོ་༼ཀི་ལོ་བཅུ་བཞི་ཤོང་༽གཉིས་སོ་སོར་ཡ་གཅིག་གྲོ་དང༌། ཡ་གཅིག་རྩམ་པས་བཀང་སྟེ། གྲོའི་སྟེང་ཚྭ་རྡོག་དང༌། རྩམ་ཕྱེའི་སྟེང་མར་རྡོག་གསུམ་མམ་ལྔ་འཇོག་ཅིང་། དེ་གཉིས་མི་རེ་རེས་བཏེགས་ཏེ་རྟེན་འབྲེལ་ཞུ་བའི་སྲོལ་ནས་ཕྱིས་སུ་སྟབས་བདེ་ཁྱད་དང༌། མཛེས་ཆོས་ཀྱི་དགོས་པ་སོགས་ཀྱི་དབང་གིས་འབོ་ཉིས་སྦྲེལ་བཟོས་ཐོག་ཇེ་ཆུང་དུ་སོང་ནས་ད་ལྟའི་ཕྱེ་མར་གྱི་རྣམ་པ་དེ་ཆགས་པར་སེམས།
ད་ལྟའི་ཕྱེ་མར་གྱི་གཞི་རྩའི་གྲུབ་ཆ་དང་སྒྲིག་སྟངས་ནི། བཀྲ་ཤིས་རྟགས་བརྒྱད་དང༌། བཀྲ་ཤིས་རྫས་བརྒྱད། ནོར་བུ་ཆ་བདུན། སེང་གེ་གཉིས་ཀྱིས་ནོར་གཞོང་བཏེགས་པ། རི་མོ་བསྡུས་པར་ནོར་བུ་མེ་འབར་དང༌། ནོར་བུ་དགའ་འཁྱིལ་སོགས་རྟེན་འབྲེལ་ཚོན་རིས་ཀྱིས་རྣམ་པར་བརྒྱན་པའི་འབོ་ཉིས་སྦྲེལ་གྱི་གཡས་ངོས་སུ་གྲོའམ་གྲོ་ཡོས་བྱུར་ཁེངས་སུ་བླུགས་པའི་སྟེང་དུ། ཚྭ་རྡོག་གསུམ་མམ་ལྔ་དང༌། གཡོན་ངོས་སུ་མར་དང་རྩམ་པ། ཀ་ར་སོགས་མཉམ་བསྲེས་ཀྱིས་བཟོས་པའི་རྩམ་ཕྱེ་བྱུར་ཁེངས་སུ་བླུགས་པའི་ཐོག་མར་གྱི་ཡལ་སེ་གསུམ་མམ་ལྔ་སྒྲོན་དགོས་པ་དང༌། གྲོ་ཡོས་དང༌། རྩམ་ཕྱེ་གཉིས་ཀའི་དབུས་སུ། མཐུན་པ་སྤུན་བཞི་དང་ཚེ་རིང་དྲུག་སྐོར་སོགས་མར་ཚོན་ཅན་གྱི་རྩེ་སྒྲོ་བཙུགས་པའི་མཐའ་སྐོར་དུ། ཚོན་ལྡན་ནས་སྙེ་དང་ལོ་གསར་མེ་ཏོག་གིས་ལེགས་པར་བརྒྱན་དགོས་པ་ཡིན། ཕྱེ་མར་གསར་བཞེངས་བྱེད་སྐབས། ཕྱེ་མར་འདེགས་པ་པོའི་ལག་གཡས་པའི་ཕྱོགས་སུ་གྲོ་དང༌། ལག་གཡོན་མའི་ཕྱོགས་སུ་རྩམ་ཕྱེ་བླུགས་དགོས་པ་མ་ཟད། སྔོན་ལ་གྲོ་དང༌། དེ་རྗེས་རྩམ་ཕྱེ་བླུགས་དགོས་ཞེས་རྒན་རབས་ཚོའི་ཞལ་ལས་ཐོས།
སྡེར་ཁ་ནི། གནའ་བོའི་བོད་མི་རྣམས་ཀྱི་སྟོན་མོ་གལ་ཆེའི་སྐབས་སུ། ཟས་རིགས་རྣམས་སོ་སོར་མ་འདྲེས་པར་ཕྱོགས་གཅིག་ཏུ་སྤུངས་ནས་དེ་ལས་རང་རང་གི་གང་འདོད་བླངས་ཏེ་སྤྱོད་པའི་ཚུལ་དེ་ཉིད་རིམ་པས་ད་ལྟའི་སྡེར་ཁའི་རྣམ་པར་གྱུར་པར་སྙམ་ཞིང་།

སྡེར་ཁ་ཞེས་པའི་ཚིག་དོན་ལ་བསམ་ནའང༌། ཟས་རིགས་བླུགས་སའི་སྡེར་མའི་ཁ་ཞེས་པའི་དོན་ཡོད་པ་དེས་གནད་འགག་འདི་ཕྱོགས་ཙམ་གོ་བར་ནུས། སྡེར་ཁའི་གྲུབ་ཆ་དང་སྒྲིག་སྟངས་ནི། གཙོ་བོ་དབྱིབས་རིང་ལ་ཁོག་པ་སྟོང་པ། དཀྱིལ་ངོས་ཕྲ་ཞིང་། མགོ་མཇུག་གཉིས་སྦོམ་པའི་ཁ་ཟས་མིང་ལ་བོང་བུའི་ཨམ་མཆོག་ཅེས་པ་དེ་གྲངས་བརྒྱད་དང༌། བཅུ། བཅུ་གཉིས་སོགས་མང་ཉུང་གང་འོས་སྡེར་ཁ་བསྒྲིག་ཡུལ་གྱི་ས་ཆའི་གོ་ཡུལ་ཆེ་ཆུང་གཞི་བཟུང་། ཞེང་ཚད་ཉིས་སྒྲིག་དང༌། བཞི་སྒྲིག དྲུག་སྒྲིག བརྒྱད་སྒྲིག་སོགས་བྱས་ཏེ། བརྟན་པོར་བརྩིགས་པའི་ཐོག བཀྲ་ཤིས་དམག་དུང་ཞེས་པའི་ཁ་ཟས་གྲངས་གཉིས་སྒྲིག་དགོས་པ་དང༌། དེའི་ཐོག་ཏུ་ཉ་ཤག་ཅེས་པའི་ཁ་ཟས། དེའི་ཐོག་ཏུ་འབོ་ལུག་འཁོར་ལོ། དེའི་ཐོག་ཏུ་སྤིན་སྤིན་རྡོག་རྡོག་ཅེས་པའི་ཁ་ཟས་བཅས་བཟོ་དབྱིབས་མི་གཅིག་པའི་ཁ་ཟས་ཁག་ ༥ ལས་གྲུབ་པ་ཡིན།
ཁ་ཟས་དེ་དག་གི་འབྱུང་ཁུངས་ནི། གནའ་སྔ་མོ་བོད་དུ་བོན་གྱི་ལུགས་ཤུགས་ཆེན་དར་ཏེ་དམར་མཆོད་ཀྱི་སྲོལ་རྒྱ་ཁྱབ་ཏུ་གནས་ཤིང་། དེ་སྐབས་ལོ་གསར་གྱི་སྐབས་སུ་སྡེར་མའི་ནང་ལུག་གཅིག་བཤས་པའི་རྐང་ལག་དང་རྩིབས་ཤ། རྒྱུ་མ། མགོ་སོགས་ཆ་ཚང་སྒྲིག་བཤམ་བྱེད་སྲོལ་ཡོད་འདུག ཕྱིས་སུ་དམར་མཆོད་ལ་མི་མཉེས་པའི་གཡུང་དྲུང་གི་བོན་དང་ལྷག་པར་ནང་པ་སངས་རྒྱས་པའི་ཆོས་དར་རྗེས་དམར་མཆོད་ཀྱི་རྒྱུན་བཅད་དེ་དེ་ཚོའི་དོད་དུ་པག་སོགས་ཀྱིས་བཟོས་པའི་གཟུགས་བརྙན་གྱིས་འཐུས་པ་བྱེད་སྲོལ་བྱུང་། དེར་བརྟེན་སྡེར་ཁའི་གྲུབ་ཆ་གཙོ་བོ་བོང་བུའི་ཨ་མཆོག་ཅེས་པ་དེ་སེམས་ཅན་གྱི་རྐང་ལག་གི་དོད་དང་། ཉ་ཤག་དང་དམག་དུང་སོགས་ནི་རྩིབས་མ་དང་སྒལ་ཚིགས་སོགས། འབོ་ལུག་འཁོར་ལོ་ནི་རྒྱུ་མ། སྤིན་སྤིན་རྡོག་རྡོག་ནི་སྙིང་གི་མཚོན་དོན་ཡིན་པར་བཤད།
ཡང་སྡེར་རྫས་ཞེས། མར་དང་ཕྱུར་བ། ཇ། ཚྭ། ཤིང་འབྲས་སོགས་སྡེར་ཁའི་ངོས་སུ་སྟོང་པ་གང་ཡོད་སར་འོས་འཚམས་རེ་འཇོག་པ་མ་ཟད། སྡེར་ཁའི་མདུན་དུ་སྡེར་མའི་ནང་དུའང་དེ་བཞིན་སྒྲིག་དགོས་པ་ཡིན།
སྡེར་ཁ་སྒྲིག་སྐབས་ཁ་ཟས་ཀྱི་ཁོག་པ་སྟོང་པའི་ཕྱོགས་དེ་སྟེང་དུ་བསྟན་ནས་འཇོག་པ་དང༌། ཁ་སྦུབས་སུ་འཇོག་པ་བཅས་སྲོལ་གཉིས་ཡོད་ཀྱང་། སྒེར་པ་སོ་སོའི་སྡེར་ཁར་ཁ་ཟས་ཀྱི་ཁོག་པ་སྟོང་པའི་ཕྱོགས་དེ། གྱེན་དུ་བསྟན་ནས་འཇོག་པ་དང༌། གཞུང་འབྲེལ་སྡེར་ཁ་རྣམས་ཁོག་པ་སྟོང་པའི་ཕྱོགས་དེ་ཁ་སྦུགས་སུ་འཇོག་པ་གཙོ་ཆེ་བ་ཡིན་ཞེས་རྒན་རབས་ཀྱི་ངག་ལས་ཐོས།
དེ་བཞིན་ལུག་མགོ་དངོས་སམ། པག་གི་ལུག་མགོར་མར་ཚོན་གྱིས་བརྒྱན་པ་ཞིག་དང༌། ལོ་ཕུད་ཅེས་ཁོག་མ་ཆུང་ངུའི་ནང་ལྗང་པ་ལྗང་ཐིང་ཐིང་དུ་སྐྱེས་པ་ཞིག་སྡེར་ཁའི་མཉམ་དུ་ངེས་པར་སྒྲིག་གཤོམ་བྱེད་དགོས་ཤིང་། གོང་གསལ་ལུག་མགོའི་ཁ་སྟོང་པར་མ་བཞག་པར་མར་རམ། མར་ཟན་གྱིས་འགེངས་དགོས་པ་ནི་རྒན་རབས་ཚོས་གནད་འགག་ཆེན་པོར་བརྩི་བ་མ་ཟད། འགའ་ཞིག་གིས་ལུག་མགོའི་ཁའི་ནང་དུ་རྩྭ་བཟུང་ཡོད་པའི་རྣམ་པ་ལྟ་བུར་ཁ་ནང་དུ་མར་ཚོན་ལྗང་ཁུ་ཅན་འཇོག་སྲོལ་ཡོད། དེང་སྐབས་བོད་མི་ཚོས་དཀར་ཡོལ་ལས་བཟོས་པའི་ལུག་མགོ་སྤྱོད་པ་ནི་ཡག་པོ་ཞིག་ཏུ་མཐོང་།

གཉིས་པ། ལོ་གསར་དངོས་གཞི།

བོད་ཟླ་ ༡ ཚེས་ ༡ ཉིན་ནས་ལོ་གསར་དངོས་གཞི་འགོ་ཚུགས་པ་ཡིན་ཞིང་། ལོ་གསར་དངོས་གཞིའི་དུས་ཡུན་རིང་ཐུང་ཐད། ཡུལ་ལུང་སོ་སོའི་གནས་བབས་མཐུན་རྐྱེན་དང༌། ཁྱིམ་འཁོས་བཟང་ངན་ལ་གཞིགས་པའི་ཉིན་གྲངས་མང་ཉུང་དང༌། རྒྱས་བསྡུས་སྣ་ཚོགས་ཤིག་ཡོད་ནའང་། ཚང་མས་ཉུང་མཐར་ཚེས་༡ ནས་༣ བར་ཉིན་གསུམ་རིང་ལོ་གསར་གཏོང་བ་ཡིན་ཞིང་། དེ་ཡང་ཚེས་གཅིག་ཉིན་བླ་མ་ལོ་གསར་དང༌། ཚེས་གཉིས་ཉིན་རྒྱལ་པོ་ལོ་གསར། ཚེས་གསུམ་ཉིན་ཆོས་སྐྱོང་ལོ་གསར་ཞེས་གྲགས་ཤིང་། སྤྱིར་བཏང་ཡུལ་གྲུ་མང་ཆེ་བར་ཚེས་ ༡༥ བར་ལོ་གསར་གྱི་རྣམ་པ་མཇུག་མ་སྒྲིལ་བར་གནས་ཀྱི་ཡོད། གཞུང་འབྲེལ་ལོ་གསར་གྱི་མཛད་སྒོའི་དབང་དུ་བྱས་ན། ཚེས་གསུམ་ཉིན་གྲོལ་སྟོན་གནང་གི་ཡོད་པས་འདིར་ཡང་དེ་ཉིད་གཙོ་བཟུང་གིས་བརྗོད་རྒྱུ་ཡིན།




ཀ༽ ལོ་གསར་ཚེས་གཅིག (བླ་མ་ལོ་གསར།)

ཀ ༡༽ གཞུང་འབྲེལ་མཛད་སྒོ།
བོད་ཟླ་༡ ཚེས་༡ ཉིན་བླ་མ་ལོ་གསར་ཞེས་གྲགས་པ་བཞིན། དེ་ཉིན་གཞུང་འབྲེལ་མཛད་སྒོའི་རྣམ་གྲངས་དང༌། གཞུང་ཞབས་རྣམས་ཀྱི་ན་བཟའ་བཞེས་སྟངས་སོགས་མང་ཙམ་ཡོད་ཀྱང་ཞིབ་ཆ་བཀོད་ན་ཡིག་ཚོགས་མང་བས། འདིར་གལ་ཆེ་ཁག་གནད་བསྡུས་ཙམ་དུ་བཀོད་ན།
སྔ་དྲོའོ་ཕྱག་ཚོད་༣ ཙམ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་གཡས་ངོས་ནས་བཀའ་བློན་ཁྲི་པ་དང༌། གཡོན་ངོས་ནས་སྐུ་བཅར་སྤྱི་ཁྱབ་མཁན་པོས་སྤྱན་འདྲེན་ཞུས་ཏེ་ཕོ་བྲང་པོ་ཏ་ལའི་དབུ་རྩེའི་བཞུགས་ཁྲི་ཞལ་ཤར་ཕྱོགས་སུ་གཟིགས་པའི་སྟེང༌དུ་ཞབས་སོར་འཁོད་པ་དང༌། གདན་ས་སེ་འབྲས་དགེ་གསུམ་གྱི་མཁན་པོ་དང༌། སློབ་དཔོན། བླ་སྤྲུལ། ལས་སྣེ། དྲུང་རིགས་སེར་སྐྱ་སོགས་ཀྱིས་སྒོ་གསུམ་གུས་པའི་ཕྱག་འཚལ་དང་བཅས་གཞུང་ཞབས་རིམ་བཞི་ཡན་ནས་ྋགོང་ས་མཆོག་དང་སྲིད་ཚབ་(གལ་ཏེ་ཡོད་ན)རྣམ་གཉིས་ལ་མཇལ་དར་རེ་འབུལ་དགོས་པ་དང༌། དེ་རྗེས་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་འདུས་ཚོགས་ནས་རྔ་རོལ་གཟབ་འཁྲོལ་གྱི་ཐོག་ནས་དཔལ་ལྡན་ལྷ་མོའི་སྤྱན་འདྲེན་དང༌། གཏོར་འབུལ་རྣམས་ཆོ་གའི་གཞུང་ལྟར་གཟབ་རྒྱས་གནང་བ་དེ་ལ་ལོ་གསར་ཚེས་གཏོར་ཟེར།
དེ་རྗེས། རྩེ་ཕོ་བྲང་གི་རྟེན་གཙོ་འཕགས་མཆོག་ལོ་ཀེ་ཤྭ་རར་གནས་གཟིགས་དང༌། དེ་ནས་ཚོམས་ཆེན་སྲིད་བཞིའི་ཕུན་ཚོགས་ཀྱི་གསེར་ཁྲི་ཆེན་མོར་ྋཞབས་སོར་འཁོད་རྗེས། སྲིད་ཚབ་དང་བཀའ་བློན། གུང་། ཛ་སག༌སོགས་གཞུང་ཞབས་ཡོངས་ནས་རང་རང་གོ་བབ་ཀྱི་མཇལ་དར་ཕུལ་ནས་རང་རང་གི་གདན་ཐོབ་གཞི་བཟུང་བཞུགས་གྲལ་དུ་འཁོད་བསྟུན། གདན་སའི་མཁན་པོས་གཞུང་ཆེན་བགྲོ་གླེང་དང༌། འབེལ་གཏམ་གནང༌། དེ་ནས་གར་པ་རྣམས་ནས་ཉམས་འགྱུར་ལྡན་པའི་གར་དང་པོ་དང་གཉིས་པ་གྲུབ་རྗེས་གླིང་བུའི་སྒྲས་བསུས་པའི་འཇམ་རོལ་ཞེས་པའི་རོལ་དབྱངས་ཤིག་བཏང་བ་དང༌། སྡེར་ཡིག་གཞི་བཟུང་སྟོན་ཆེན་དཀར་སྤྲོ་དང༌། ཤིང་འབྲས། རྫ་ཤིང་ལས་གྲུབ་པའི་ལོངས་སྤྱོད་སྡེར་མ་ཞེས་པའི་ནང་ཕག་ལུག་ཚག་གསུམ་གྱི་ཤ་བཞི་ལིང་ཐོག་ནང་ཁྲོལ་གློ་མཆིན་རྒྱུ་མ་དང༌། ལ་ཕུག སྒོ་ང་བཙོས་མ་སོགས་དང༌། གསོལ་ཕོར་ལྕགས་བཀྲོལ་རྟིར་ཚགས་ནང༌། རྩམ་ཕྱུར་དང༌། མར། མངར་ཆ་སོགས་མཉམ་བསྲེས་ཀྱི་གསོལ་བ་སྒྲིག་གཤོམ་གནང་གི་ཡོད་པ་དེ། གོང་གསལ་འཇམ་རོལ་མ་རྫོགས་བར་དགྱེས་རྒུར་རོལ་གྱི་ཡོད། དེ་ནས་གར་གསུམ་པ་འཁྲབས་རྗེས། བགྲོ་གླེང་བས་བཀྲ་ཤིས་ཚིག་བཟང་གསུང་སྟེ་ྋགོང་ས་མཆོག་ལ་ཕྱག་འཚལ་མཇལ་དར་ཕུལ་ཏེ་མཛད་སྒོ་གྲོལ་གྱི་ཡོད།།

ཀ ༢༽ དམངས་ཁྲོད་ཀྱི་བྱེད་སྒོ།
ཚེས་གཅིག་སྔ་དྲོ་ཁྱིམ་མི་གང་རུང་ཞིག་ཐོ་རེངས་སྐར་ཆེན་ཤར་ཙམ་ནས་ལངས་ཏེ། གཟབ་འཆོར་གང་ལེགས་དང་བཅས་ཐོག་མར་ཆུའི་ཁར་བསང་གཏོང་བ་དང།ཁ་བཏགས་འདོགས་པ། ཕྱེ་མར་ཆང་ཕུད་སྟོར་བ་བཅས་བྱས་ཟིན་རྗེས་ཆུ་ཕུད་ལེན་ཞིང་། ཆུ་ཕུད་དེ་ཉིད་ཁྱིམ་དུ་འཁྱེར་རྗེས་ཐོག་མར་དཀོན་མཆོག་ལ་ཡོན་ཆབ་འབུལ་བ་དང༌། དེ་འཕྲོས་རྣམས་ཁྱིམ་གྱི་ཆུ་ཟོམ་ནང་བླུགས་ཀྱི་ཡོད། དེ་བཞིན་ཡུལ་ལུང་ལ་ལར་ས་ཕུད་དང་ཤིང་ཕུད་ཅེས་ཁྱིམ་གྱི་ཉེ་འགྲམ་ནས་ཤིང་སྣ་གང་རུང་དང་ས་སྣ་ཕྲན་བུ་བླངས་ནས་ཐབ་ཀྱི་འགྲམ་དུ་འཇོག་སྲོལ་ཡང་ཡོད།
ནང་མི་གཞན་རྣམས་མལ་ལས་ནམ་རྒྱུན་ལས་སྔ་བར་ལངས་ཏེ། གཟབ་སྤྲོས་གང་གཟབ་སྤྲས་ཟིན་མ་ཐག་སྔོན་ཚུད་ནས་གྲ་སྒྲིག་ཡོད་པའི་ཆང་སྐོལ་དང་ཁ་ཟས་སོགས་སྣེ་སེལ་ཙམ་མཆོད་རྗེས་གཏམ་གྱི་དང་པོར་ཕན་ཚུན་བཀྲ་ཤིས་བདེ་ལེགས༌ཞེས་བརྗོད་རེས་བྱེད། དེ་ནས་ཉེ་འཁོར་དུ་དགོན་སྡེ་ཡོད་ན། ནང་མི་ཆ་ཚང་མཆོད་མཇལ་དུ་འགྲོ་ཞིང་། མཆོད་མཇལ་ལེགས་པར་ཟིན་རྗེས་ཁྱིམ་མི་རྒན་གཞོན་གྱི་གོ་རིམ་མ་འཆོལ་བར་བཀྲ་ཤིས་སྒོར་མོའི་བཞུགས་གྲལ་དུ་འཁོད་ནས་གྲོ་སོ་ཕྱེ་མར་དང༌། གྲོ་མ་འབྲས་བསིལ། ཆང་ཕུད་སོགས་རིམ་པར་བསྟར་བ་དང༌། དེ་ནས་གྲོ་ཐུག་དང༌། ཆང་སྐོལ་(ཡུལ་ལུང་ལ་ལར་སྐོལ་ལྡན་ཡང་ཟེར )ཇ་སྲུབ་མ། དཀར་སྤྲོ་སོགས་རོ་བཅུད་ལྡན་པའི་ཟས་ལ་རོལ་ཞིང་། གྲོང་པ་ཁྱིམ་མཚེས་རྣམས་ཕན་ཚུན་ཕྱེ་མར་རྒྱུག་རེས་བྱེད།


དེ་ཡང་ཁྱིམ་ཚང་རེ་ནས་ཕྱེ་མར་རྒྱུག་མཁན་གཉིས་སམ་གཅིག་རེ་ལག་ཏུ་གྲོ་སོ་ཕྱེ་མར་དང་ཆང་སྐྱན་འཁྱེར་ནས། ཁྱིམ་ཚང་རེའི་སྒོ་འགྲམ་དུ་སླེབས་པ་དང༌། ཁ་ནས་ཐོག་མར/ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཞེས་བརྗོད་པ་དང༌། ཁྱིམ་བདག་གིས/ ཚོགས་ཚོགས། ཞེས་བརྗོད་དགོས་ཀྱི་ཡོད་པ་དང༌། ཡང་ཕྱེ་མར་རྒྱུག་མཁན་གྱིས། ཨ་མ་བག་བྲོ་སྐུ་ཁམས་བཟང་། ཞེས་བརྗོད་པར་ཁྱིམ་བདག་གིས། བཟང་བཟང་ཞེས་བརྗོད། དེ་ནས་ཡང་བསྐྱར་ཕྱེ་མར་རྒྱུག་མཁན་གྱིས། གཏན་དུ་བདེ་བ་ཐོབ་པར་ཤོག༌ཅེས་བརྗོད་པར་ཁྱིམ་བདག་གིས། ཤོག་ཤོག ཅེས་བརྗོད་འཕྲལ་ཕྱེ་མར་རྒྱུག་མཁན་ཁྱིམ་ནང་དུ་ཡོང་ནས་ནང་མི་ཚང་མར་ཕྱེ་མར་ཆང་ཕུད་འདེགས་ཀྱི་ཡོད་པ་དང༌། ཁྱིམ་ཚང་སོ་སོའི་ངོས་ནས་ཀྱང་ཕྱེ་མར་རྒྱུག་མཁན་ལ་སྣེ་ལེན་གཟབ་རྒྱས་བྱེད་ཀྱི་ཡོད།

ཚེས་གཅིག་ཉིན་ཕྱེ་མར་རྒྱུག་མཁན་ཕུད། དེ་མིན་ནང་མི་ཚང་མ་རང་ཁྱིམ་དུ་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད་ཞོར་གང་དགའ་གང་སྐྱིད་བྱས་ཏེ་སྡོད་པ་ལས་ཁྱིམ་ཚང་གཞན་གྱི་ནང་དུ་ཕར་འགྲོ་བའམ། ཁྱིམ་ཚང་གཞན་གྱི་མི་ཚུར་མགྲོན་འབོད་བྱེད་སྲོལ་མེད་པས། ཁྱིམ་ཚང་སོ་སོར་མཚོན་ན། ཚེས་གཅིག་ནི་ནང་མི་ཁོ་ན་མཉམ་རོལ་གྱི་ལོ་གསར་ལྟ་བུ་ཞིག་ཡིན།

ཁ། ཚེས་གཉིས། (རྒྱལ་པོ་ལོ་གསར)

ཁ ༡༽ གཞུང་འབྲེལ་མཛད་སྒོ།
ཚེས་གཉིས་ཉིན་བཀའ་བློན་མན་ནས་དྲུང་དཀྱུས་ཡན་ཆ་ཚང་ན་གཟའ་རྒྱ་ལུ་ཆས་༼སྤྱིར་ན། བཀའ་བློན་རྣམས་ན་གཟའ་རྒྱ་ལུ་ཆས་བཞེས་པ་ལོ་འཁོར་མོའི་ནང་ཉིན་འདི་ཁོ་ན་ཡིན། རྒྱ་ལུ་ཆས་ཀྱི་འདྲ་པར་ཞིག་འདིར་མཉམ་དུ་བཀོད་ཡོད།༽དང༌། སེར་མོ་བའི་ཁོངས་ཏཱ་བླ་མ་ཡན་ཏཱ་གོག་ཙེ། དེ་བྱིངས་འཆར་ཅན་གྱི་ན་གཟའ་འཕྱ་གྲུ་ཆབ་སྟོད་གྱོན་ཏེ། རྩེ་ཕོ་བྲང་གི་སྟེང་ཤོད་ཡོངས་རྫོགས་ལ་གནས་གཟིགས་གནང་རྗེས་རྩེ་ཟིམ་ཆུང་ཉི་འོད་དུ་རྩེ་སྐོར་ལས་ཚན་ཡན་རྣམས་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཀྱི་མཇལ་དར་འབུལ་རེས་གནང་སྲོལ་ཡོད།
དེ་ནས་སྔོན་བྱོན་བཙན་པོའི་ཆས་གོས་སྤྲས་པའི་རིན་རྒྱན་ཁྲི་པ་(རིན་ཆེན་རྒྱན་ཆ་བའི་གཙོ་བོ། རིན་ཆེན་རྒྱན་ཆ་པ་ནི། གཤམ་གསལ་འདྲ་པར་ནང་གི་རྒྱན་གོས་ཕུན་ཚོགས་གྱོན་པ་གཉིས་དེ་རེད་)དང༌། གསོལ་དཔོན་ཆེ་མོ། ཕྱག་འདྲེན་པ་གཉིས། སྤོས་འཛིན་པ་གཉིས། རིན་ཆེན་རྒྱན་ཆ་པ་བྱིངས་བཅུ་གསུམ་བཅས་ཀྱིས་ྋགོང་ས་མཆོག་རྩེ་ཕོ་བྲང་གི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་གསེར་ཁྲིའི་སྟེང་གདན་འདྲེན་གྱིས་ྋཞབས་སོར་འཁོད་འཕྲལ། རྩེ་རྣམ་རྒྱལ་གྲྭ་ཚང་གི་དབུ་ཆོས་གཉིས་དང༌། གསུང་གསངས་པ་སོགས་གྲྭ་པ་ ༢༠ སྐོར་ནས་ཞལ་འདོན་གནང་བའི་ཚིག་མཚམས་དང་བསྟུན་རིན་རྒྱན་ཁྲི་པས་ྋགོང་ས་མཆོག་ལ་རྒྱལ་སྲིད་སྣ་བདུན་དང༌།
རྟགས་བརྒྱད། རྫས་བརྒྱད་སོགས་བཤད་པ་དང་སྦྲགས་ཏེ་འདེགས་འབུལ་གནང་གི་ཡོད། དེ་ནས་ལོ་རེའི་དགེ་བཤེས་ལྷ་རམ་པའི་གྲྭ་བསྐོར་མཛད་མཁན་ཚོས་ཆོས་ཀྱི་བགྲོ་གླེང་གནང་རྗེས། དམག་སྒར་ཁག་གི་ལྡིང་དཔོན་ཡན་སོགས་གཞུང་ཞབས་ལྟོ་ཟན་ཡོངས་ལ་མཇལ་ཁ་རིམ་པ་དང་པོ་གནང་གི་ཡོད་པ་དང༌། དེ་ནས་གར་པས་གར་དང་པོ་དང་གཉིས་པ་ཕུལ་རྗེས་འཇམ་རོལ་བཏང་བ་དང་མཉམ་དུ་དཀར་སྤྲོ་དང་རོ་མཆོག་ལྡན་པའི་ཟས་སྣའི་སྟོན་མོ་ཚེས་གཅིག་ལས་རྒྱས་པ་གཏོང་གི་ཡོད།
དེ་རྗེས་གར་པས་ཐུན་མིན་སྟངས་སྟབས་དང་འགྱུར་ཁུག་ཅན་གྱི་གྲི་གར་ཞེས་པ་ཕུལ་རྗེས། མཇལ་ཁ་རིམ་པ་གཉིས་པར་ྋགོང་ས་མཆོག་ལ་དགུང་གསར་གྱི་ཕྱག་རྟགས་འབུལ་མཁན་རྣམས་དང༌། རྒྱ་གར་དང༌། བལ་ཡུལ། ཁ་ཆེ། འབྲས་ལྗོངས། འབྲུག་པ། དབྱིན་ཇི། རྒྱ་ནག་སོགས་ཀྱི་སྐུ་ཚབ་རྣམས་མཇལ་བཅར་གྱིས་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་མཇལ་དར་འབུལ་གྱི་ཡོད། དེ་རྗེས་བགྲོ་གླེང་བས་བཀྲ་ཤིས་པའི་ཚིག་བཟང་གསུངས་རྗེས་མཛད་སྒོ་གྲོལ།
དེ་རྗེས་སྔར་ཡིན་ན། གནམ་བྲོ་ཐག་རྩེད་ཅེས་རྩེ་པོ་ཏ་ལའི་ཤར་ཆེན་ལྕོག་གི་ཡང་སྟེང་ནས་ཞོལ་རྡོ་རིང་ནང་མ་བར། འབྲེང་ཐག་ཐོག་ཐུར་རྒྱུག་གིས་ཐག་ཤུར་གློད་པ་དང༌། གནམ་བྲོ་ཤིང་རྩེད་ཅེས་ཤིང་གི་ཐོག་འཛེགས་ཏེ། ལུས་རྩལ་གྱི་ལྟད་མོའི་རྣམ་གྲངས་མང་པོ་སྟོན་སྲོལ་ཡོད་ཀྱང་། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་ནས་གནམ་བྲོ་ཐག་རྩེད་ཀྱི་བྱེད་སྒོ་དེ་ཉིད། སྐྱེ་བོའི་སྲོག་ལ་ཉེན་ཆེ་བར་གཟིགས་ནས་རྩེད་མཚམས་འཇོག་དགོས་པའི་རྒྱས་བཅད་མཛད།

ཁ། ༢༽ དམངས་ཁྲོད་ཀྱི་བྱེད་སྒོ།
ཚེས་གཉིས་ནས་མང་ཚོགས་རྣམས། རང་རང་གི་དགའ་ཉེ་བློ་དཀར་ཕན་ཚུན་མགྲོན་འབོད་ཀྱིས་རོ་བརྒྱའི་ཟས་དང༌། བདུད་རྩིའི་བཏུང་བར་རོལ་ཞོར་ཚུལ་མཐུན་བག་ཕེབས་ཀྱི་རྩེད་མོར་རོལ་གྱི་ཡོད་ཅིང་། དེ་ཉིན་གྱི་ཐུགས་སྤྲོའི་ཞལ་ལག་ལ་མཚོན་ན། ལུག་མགོ་དང་ལུག་ཤ་ཚོས་མ། བོད་ཕག་རྡོག་ཚོས། རྒྱུ་མ་དང་གློ་བ་བརྔོས་མ། གྲོད་པ་ཁ་ཚ། ཤ་སྐམ་པོ། ཐུད། མར་ཟན་སོགས་བོད་ཟས་གཙོ་བོར་གཏོང་སྲོལ་ཡོད་ཅིང་། ཡུལ་ལུང་ཚང་མར་ལོ་གསར་སྐབས་མགོ་ཤ་ཞེས་ལུག་མགོ་བཙོས་མ་ངེས་པར་མཆོད་དགོས་པ་འདི་རྟེན་འབྲེལ་གྱི་གནད་ཆེན་པོ་ཞིག་ལ་བརྩི།
གྲོང་གསེབ་ཁག་ལ་མཚོན་ན། ཚེས་གཉིས་ནས་ཚེས་བཅོ་ལྔ་ཙམ་བར་ཉིན་ཕྱེད་ཡོལ་ཙམ་ནས་སྒོར་གཞས་ཞེས། བུ་དང་བུ་མོ་རྣམས་སྒོར་དབྱིབས་སུ་ལག་གདང་ཡུག་གཅིག་ལ་སྦྲེལ་ཏེ་གཞས་ཞབས་བྲོར་རོལ་བ་སྟེ། དེ་ཡང་ཐོག་མར་བུའི་ཕྱོགས་ནས་གཞས་ཤིག་བཏང་རྗེས། བུ་མོའི་ཕྱོགས་ནས་དེའི་ལན་ལྟ་བུར་གཞས་ཤིག་གཏོང་དགོས་སྟབས། སྐབས་རེ་བུ་དང་བུ་མོའི་དབར་གཞས་ཀྱི་འགྲན་བསྡུར་ལྟ་བུ་བྱུང་ནས་མཚན་མོ་ནམ་ཕྱེད་ཙམ་ལའང་གཞས་ཐག་མ་ཆོད་པར་ལུས་ཀྱི་ཡོད། སྤྱིར་སྒོར་གཞས་ལ་གཞས་དང་ཞབས་བྲོ་གཉིས་ཀ་ངེས་པར་ཚང་དགོས་ཤིང་། དེ་ཡང་ཐོག་མར་ཞབས་བྲོ་མེད་པའི་གཞས་ཤིག་བཏང་རྗེས། གཞས་དེ་ལས་ཕྲན་བུའི་འཁྲུག་ཆ་དོད་པའི་གདངས་དང་བཅས་ཞབས་བྲོ་འཁྲབས་པ་ཡིན་ཞིང་། ཞབས་བྲོར་ཡང་རྣམ་གྲངས་མང་ཙམ་ཡོད། དེ་བཞིན་རྡོ་བསྐོར་གྱིས་མཚོན་རྩེད་མོའི་རྣམ་གྲངས་མང་པོར་རོལ་གྱི་ཡོད།

ག༽ ཚེས་པ་གསུམ། (ཆོས་སྐྱོང་ལོ་གསར)

ག ༡༽ གཞུང་འབྲེལ་མཛད་སྒོ།
གཞུང་ཞབས་ཁོངས་སུ་སྔོན་མ་རྩེ་སྐོར་དང་ཤོད་སྐོར་ཞེས་ཁག་གཉིས་ཡོད་པ་ལས། འདི་ཉིན་རྩེ་སྐོར་རྣམས་ཚེས་གསུམ་གསོལ་འཁོར་ཞེས་དྲུང་ཇའི་སྐབས་གསོལ་སྟོན་གཟབ་རྒྱས་ཐོག་རྣམ་གྲྭ་ཚོགས་ཡོངས་དང་བཅས་པས་དཔལ་ལྡན་ལྷ་མོས་གཙོས་བོད་སྐྱོང་བསྟན་སྲུང་སྤྱིར་གཟབ་གསོལ་གནང་སྟེ། ༸རྒྱལ་བ་ཡབ་སྲས་ཀྱི་སྐུ་ཕྱྭར་འགལ་རྐྱེན་ཡོད་མེད་དང༌། ཆོས་སྲིད་ཀྱི་མཛད་འཕྲིན་སོགས་ཀྱི་སྐོར་གཟན་རྟགས་སྒྲིལ་གྱི་ཡོད་ཅིང་། ཤོད་སྐོར་རྣམས་སྔ་དྲོ་གནས་ཆུང་དུ་གཟབ་གསོལ་དུ་ཕེབས་ཀྱི་ཡོད། དེ་ཡང་འབྲས་སྤུངས་དགོན་པའི་འོག་ཏུ་ཆགས་པའི་གནས་ཆུང་བདེ་ཡངས་མཐིལ་དུ་ཐོག་མར་རུ་འདྲེན་སྡེ་བཞི་སོ་སོས་གར་འཆམས་ཕུལ་ཟིན་པ་དང༌། སྤྱན་འདྲེན་གནང་བ་གཞི་བཟུང་གནས་ཆུང་ཆོས་སྐྱོང་སྐུ་ཕེབས་ཀྱིས་བཀའ་ལུང་དང༌། མཇལ་བཅར་བ་ཡོངས་ལ་མཇལ་ཁ་གནང་གི་ཡོད།
ཕྱི་དྲོ་ཤོད་སྐོར་རྣམས་རྩེ་ཕོ་བྲང་གི་རྒྱབ་ངོས་རྫོང་རྒྱབ་སྤྲོ་ཁང་དུ་ཕེབས་ཏེ་ཐོག་མར་སྤྲོ་ཁང་ཡང་སྟེང་དུ་དར་ལྕོག་གསར་པ་བཙུགས་ནས་ལྷ་རྒྱལ་འཐེན་པ་སོགས་གནང་ནས། བཞུགས་གྲལ་དུ་འཁོད་དེ་གསོལ་ཚིགས་གཟབ་རྒྱས་གནང་། གར་ཕྲུག་པས་གླུ་གར་རོལ་དབྱངས་དང༌། མདའ་པས་ཕོ་རྩལ་མདའ་རྩེད་འགྲན་པ། གཟིམ་ཆུང་པས་གཞས་ཆེན་ཁག་གསུམ་འབུལ་བ་སོགས་ཀྱི་བྱེད་སྒོའི་རིམ་པ་རྣམས་ཟིན་མཚམས་བླ་ཕྱག་ལས་ཁུངས་ནས་དྲུང་རིགས་ཚང་མར་གོ་བབ་ཀྱི་ལེགས་དར་གནང་གི་ཡོད་པ་དང༌། དེ་རྗེས་ཕོ་བྲང་པོ་ཏ་ལར་ཞལ་ཕྱོགས་ཏེ་བཀྲ་ཤིས་ལྷ་རྒྱལ་འཐེན་རྗེས། གཟིམ་ཆུང་པས་གླུ་གཞས་གཏོང་བ་དང་འབྲེལ་རྩེ་ཕོ་བྲང་གི་མདུན་ངོས་འབྲས་བུ་གཡུལ་ཁར་ཕེབས་ནས་ཕོ་བྲང་གི་ཕྱོགས་སུ་བཀྲ་ཤིས་གཞས་ཆེན་ཁག་གསུམ་ཕུལ་ཏེ་གྲོལ་གྱི་ཡོད།
མཛད་སྒོ་འདིར་ཚེས་གསུམ་གྲོལ་སྟོན་ཡང་ཟེར་བ་ལྟར། ཉིན་འདི་ནས་གཞུང་འབྲེལ་ལོ་གསར་གྱི་མཇུག་སྒྲིལ་བ་ལྟ་བུ་ཡིན་པས། གཤམ་དུ་ལོ་གསར་གྱི་མཇུག་བསྡོམས་ས་བཅད་ནང་གཞུང་འབྲེལ་མཛད་སྒོའི་སྐོར་འདིས་འཐུས་པར་བྱས་ཏེ་ཟུར་དུ་བཀོད་མེད།

ག ༢༽ དམངས་ཁྲོད་ཀྱི་བྱེད་སྒོ།
ཚེས་གསུམ་ཉིན་གྱི་སྔ་དྲོ་བོད་མི་བྱིངས་རྣམས་རང་རང་གི་ཁང་པའི་ཡང་ཐོག་ཏུ་གཟབ་འཆོར་གང་ལེགས་སྤྲས་ཏེ། བསང་གསོལ་དང་བཅས་སྔ་ལོའི་དར་ལྕོག་རྙིང་པ་ཕབ་ཏེ། གསར་པ་འཛུགས་པ་མ་ཟད། རི་མགོའི་དར་ལྕོག་ཁག་ཀྱང་དེ་ཉིན་གསར་དུ་བརྗེ་བ་ཡིན། དར་ལྕོག་གསར་པ་བཙུགས་ཟིན་རྗེས་རི་མགོར་ཡིན་ན། ཐོག་མར་མི་ཚང་མ་མཉམ་དུ་འཛོམས་ནས་ཟས་རིགས་རྣམས་མཉམ་དུ་སྤུངས་ནས་མཉམ་རོལ་བྱས་རྗེས། བཀྲ་ཤིས་ཚིག་བཟང་ཅན་གྱི་སྒོར་གཞས་འཁྲབས་པ་དང་རྣམ་ཐར་གཏོང་བ་སོགས་བྱས་རྗེས་ལྷ་རྒྱལ་འཐེན་ནས་རང་རང་གི་ཁྱིམ་དུ་ལོག་འགྲོ་བ་ཡིན་
ཁྱིམ་ཚང་སོ་སོའི་ཐོག་ཁར་འཛུགས་པའི་དར་ལྕོག་ནི། དར་ལྕེ་དང༌། བ་དན། དེ་གཉིས་འདོགས་སའི་ཡུལ་ལྕང་གསར་འདྲོངས་ལ་རྩེ་མོར་ཡལ་ག་མང་བ་བཅས་ལས་གྲུབ་པ་ཡིན་ཞིང་། དེ་ཡང་དར་ལྕེ་ནི། གནམ་མཚོན་པའི་དར་རས་ཚོས་གཞི་སྔོན་པོ་དང༌། སྤྲིན་ནམ་རླུང་མཚོན་པའི་དར་རས་དཀར་པོ། མེ་མཚོན་པའི་དར་རས་དམར་པོ། ཆུ་མཚོན་པའི་དར་རས་ལྗང་ཁུ། ས་མཚོན་པའི་དར་རས་སེར་པོ་བཅས་དབྱིབས་ཅུང་ཆུང་ལ་ངོས་གཅིག་ཨ་ཡིག་གི་དབྱིབས་ལྟར་བྲས་པ་དག་ལ་ཟེར་ཞིང་། བ་དན་ནི། གོང་གསལ་ཚོས་གཞིའི་ཁོངས་ནས་གང་རུང་ཅན་གྱི་དར་རས་ཆེ་ལ་དབྱིབས་གྲུ་བཞི་མཐའ་སྒྲིལ་དང་ལྡན་པའི་དབུས་སུ་རྟ་མཆོག་ནོར་བུ་མེ་འབར་དང༌། ཟུར་བཞིར་སྟག་སེང་ཁྱུང་འབྲུག སྟོང་ཆ་རྣམས་སུ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས་རྒྱལ་བའི་བཀའ་པར་དུ་བཏབས་པ་དེར་ཟེར་བ་ཡིན།
དར་ལྕོག་བཟོ་སྐབས་དར་ཤིང་གི་རྩེ་མོའི་ཡལ་ག་རྣམས་སུ་དར་ལྕེའི་ཚོས་གཞིའི་རིམ་པ་གོང་གསལ་ལྟར་མ་འཆོལ་བར་སྒྲིག་པའི་གཤམ་དུ། བ་དན་འདོགས་དགོས། བ་དན་དང༌། དེའི་མཐའ་བསྒྲིལ་གྱི་ཚོས་གཞི་ནི། ཁྱིམ་གྱི་ཁྱིམ་བདག་གཙོ་བོ་དེའི་འབྱུང་ཁམས་ལ་བསྟུན་ནས་བཟོ་དགོས་པ་སྟེ། ཁྱིམ་བདག་གི་ཁམས་ལྕགས་ཡིན་ན། བ་དན་ཚོས་གཞི་དཀར་པོ་དང༌། ཁམས་ས་ཡིན་ན་ཚོས་གཞི་སེར་པོ། ཁམས་ཤིང་ཡིན་ན། ཚོས་གཞི་ལྗང་ཁུ། ཁམས་མེ་ཡིན་ན། ཚོས་གཞི་དམར་པོ། ཁམས་ཆུ་ཡིན་ན། ཚོས་གཞི་སྔོན་པོ་བཅས་བཟོ་དགོས་པ་དང༌། བ་དན་གྱི་མཐའ་བསྒྲིལ་གྱི་ཚོས་གཞི་ནི། བོད་ཀྱི་འབྱུང་རྩིས་ནས་བསྟན་པའི་མ་བུ་དགྲ་གྲོགས་ཀྱི་རྣམ་གཞག་གཞི་བཟུང་། སྐབས་འདིར་མ་བུ་འཕྲོད་པ་གཙོ་བོར་བཟུང་ནས་ཚོས་གཞི་སྒྲིག་དགོས་པ་སྟེ། དཔེར་ན་འབྱུང་ཁམས་ཤིང་ཡིན་པའི་བ་དན་གྱི་གཞི་ལྗང་ཁུ་ལ་མཐའ་སྒྲིལ་སྔོན་པོ་དགོས་པ་དང༌། འབྱུང་ཁམས་མེ་ལ་བ་དན་གྱི་གཞི་དམར་པོར་མཐའ་སྒྲིལ་ལྗང་ཁུ། ཁམས་ས་ཡིན་པའི་བ་དན་གྱི་གཞི་སེར་པོར་མཐའ་སྒྲིལ་དམར་པོ། ཁམས་ལྕགས་ཡིན་པའི་བ་དན་གྱི་གཞི་དཀར་པོ་ལ་མཐའ་བསྒྲིལ་སེར་པོ། འབྱུང་ཁམས་ཆུ་ཡིན་པའི་བ་དན་གྱི་གཞི་སྔོན་པོ་ལ་མཐའ་བསྒྲིལ་དཀར་པོ་གཏོང་དགོས་པ་ཡིན།
དར་ལྕོག་ལ་གོང་གསལ་ཁྱིམ་ཚང་སོ་སོའི་ཐོག་ཁར་འཛུགས་པའི་དར་ལྕོག་ཕུད། དེ་མིན། དར་ཆེན་དང༌། དར་ལྡིར་ཞེས་པའི་རིགས་གཉིས་ཡོད་ཅིང་། དར་ཆེན་ནི་དར་ཤིང་སྦོམ་ལ་རིང་བ་ཞིག་རྒྱུན་བུས་ལེགས་པར་དཀྲིས་པའི་ངོས་སུ་དར་རས་བཏགས་པར་ཟེར་ཞིང༌། དེ་ཉིད་གཙོ་བོ་དགོན་པ་གྲྭ་ཚང་གི་མདུན་དང༌། ལྷ་སའི་བར་བསྐོར་ནང་ལྟ་བུ་ལས་སྤྱིར་བཏང་ཁྱིམ་ཚང་སྒེར་སོ་སོར་འཛུགས་སྲོལ་མེད། དར་ལྡིར་ནི། གཡས་གཡོན་དུ་དར་ཤིང་རེ་བསླངས་པའི་དཀྱིལ་དུ་ཐག་པ་རིང་པོ་ཞིག་གི་ངོས་སུ་དར་ཚོན་སྣ་ལྔ་ཅན་གྱི་དར་རས་བསྒར་ཏེ་འཕྲེད་སྟབས་སུ་འདོགས་པ་དེར་ཟེར་ཞིང་། འདི་ཉིད་སྤྱིར་ན་རི་མགོ་དང་ལྷ་རྟེན་ཁག་ལ་འབུལ་བ་ལས་སྒེར་གྱི་ཁང་རྩེར་འདོགས་སྲོལ་མེད།

གསུམ་པ། ལོ་གསར་གྱི་མཇུག་བསྡོམས།

གཞུང་འབྲེལ་ལོ་གསར་གྱི་མཇུག་བསྡོམས་མཛད་སྒོའི་སྐོར་གོང་དུ་གླེང་ཟིན་པ་ལྟར་དང༌། མང་ཚོགས་ཁྲོད་ལོ་གསར་གྱི་མཇུག་བསྡོམས་ལྟ་བུར་གྲོ་སོ་ཕྱེ་མར་དང༌། སྡེར་ཀ་བཤིགས་པ་ཡིན་ཞིང་། དེ་ཡང་གཅིག་མཐུན་གྱི་དུས་ཚེས་གཏན་འཁེལ་ཞིག་མེད་ན་ཡང་། ཡུལ་ལུང་མང་ཆེ་བར་བོད་ཟླ་ ༡ ཚེས་ ༡༥ བར་སྡེར་ཁ་མ་བཤིགས་པར་འཇོག་པ་དང༌། དེ་ནས་གཡང་གཟའ་མ་འཁེལ་བའི་ཚེས་ཆ་གང་བཟང་ཞིག་ལ་སྡེར་ཁ་བཤིགས་ཀྱི་ཡོད། སྡེར་ཁ་བཤིགས་པའི་ཉིན་དེ་ནས་ལོ་གསར་ཡོངས་སུ་མཇུག་སྒྲིལ་བ་ཡིན་ནོ།། །།

15 comments:

  1. སྐུ་ཞབས་ཆུང་ཚེ་རིང་ལ་ལོ་སར་ལ་བཀྲིས་བདེ་ལེགས་ཞུ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྐོར་གང་ཡིན་ན་དང༌། ལྷག་པར་དུས་ཚིགས་དང་འབྲེལ་བ་ཡོད་ཁག་རྣམས་འདི་ལྟ་བུ་སྐབས་དེ་རང་ལ་སྤེལ་ཐུབ་ན། མི་ཚོས་དོ་སྣང་བྱེད་བཞིན་པའི་སྐབས་དང་ཁེལ་བ་བརྟེན་སེམས་ལ་ངེས་པོ་ཡོང་ངེས་སྙམ། ཞིབ་འཇུག་གནང་བ་དང༌། པར་རིས་འཇོག་པ་སོགས་སྐུ་ངལ་ཆེན་པོ་བསྐྱོན་ཡོད་ངེས།

    ReplyDelete
  2. མཁྱེན་ལྡན་ཆབ་མདོ་ཤེས་རབ་ལགས་སུ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཉིད་ཀྱིས་འདི་ལ་ཐུགས་སྣང་དང་དགོངས་འཆར་གསུངས་པར་ཐུགས་རྗེ་ཆེ། དེང་སྐབས་མང་པོས་ལོ་གསར་ལ་ལོ་སར་ཞེས་འབྲི་བཞིན་འདུག་པ་མཐོང་ཡང་རྒྱུ་མཚན་ཅི་ཡིན་མ་ཤེས། སྐུ་ཉིད་ཀྱིས་ཀྱང་ལོ་གསར་ཞེས་བྲིས་འདུག་པས། དེར་ཁུངས་དང་་རྒྱུ་མཚན་ཡོད་ངེས་ལ་ཕྲན་པར་སློབ་སྟོན་གནང་རོགས།

    ReplyDelete
  3. གུས་པས་སྐུ་ཉིད་ལ་སྒྲོན་མེས་ཉི་མར་གསལ་རོགས་བྱས་པ་ལྟར་ངོ་ཐོགས་པ་ཞིག་ཞུ་རྒྱུ་ག་ནས་ཡོད།

    འོན་ཀྱང་གུས་པའི་བསམ་ཚུལ་ནི། ཕྱོགས་གཅིག་ནས་ལོ་སར་ཞེས་པའི་སར་འདི་གསར་གྱི་དོན་ཡིན། ཆའམ་ཚིག་གཉིས་འགྲོས་ཅན་ཡིན་ན"ལོ་གསར"ལོ་སར"གཉིས་ལས་ཕྱི་མ་ལབ་བདེ། ཚིག་བར་གསུམ་ཅན་ཡིན་ན"ལོ་གསར་པ"ལོ་སར་པ"སྔ་མ་ལབ་བདེ། དེ་བཞིན"ལོ་སར་གཏོང་གི་ཨི་ཡོད"ལོ་གསར་གཏོང་གི་ཨི་ཡོད"སྔ་མ་བདེ་བ་དང་"ལོ་སར་པའི་དགའ་སྟོན་ཨི་བྱེད"ལོ་གསར་པའི་དགའ་སྟོན་ཨི་བྱེད"ཕྱི་མ་བདེ་བ་ཡིན། དེས་ན་རྟགས་འཇུག་ནང་གི་བརྗོད་བདེ་དྲངས་ཚུལ་བཤད་པའི་དགོངས་དོན་དང་མཐུན་གྱི་ཡོད་འགྲོ་སྙམ།

    ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོའི་ཕ་ཡུལ་ལྟ་བུ་ཆ་མཚོན་ན། "ལོ་སར"ཟེར་ན་ལོ་གསར་པའི་དགའ་སྟོན་རང་ལ་གོ་སྟེ"ཁྱེད་ཚང་གིས་ལོ་སར་གྱི་ཨི་ཡོད"ངེད་ཚང་གིས་ལོ་སར་གྱིན་ཡོད"ཁོང་ཚང་གིས་ལོ་སར་གྱི་མ་རེད"ལྟ་བུ། དེའི་གནད་ཀྱིས"ལོ་སར་གཏོང"ཞེས་པའི་བྱ་ཚིག་"གཏོང"དེ་མེད་ཀྱང་ཆོག་པ་ཡིན། ཁ་སང་རང་ཕ་ཡུལ་ལ་ཁ་པར་གཏོང་སྐབས་ཀྱང༌། "ད་ལོ་ལོ་སར་ཤིས་མེད"ཟེར། འདི་ཁ་སྐད་རེད། "ལོ་གསར་པ"ཟེར་ན་གསར་རྙིང་གིས་ཟླས་ཕྱེས་པ་ལས་དམིགས་བསལ་ལོ་གསར་པའི་དགའ་སྟོན་ལ་མི་གོ་བས"ལོ་གསར་གྱི་ཨི་ཡོད"ཟེར་སྲོལ་མེད། འོན་ཀྱང་དེ་འདྲའི་ལབ་སྲོལ་དེ་ལུང་པ་ག་ཚོད་ལ་ཁྱབ་ཡོད་པ་ང་ལ་ཤོད་རྒྱུ་མེད། དེར་བརྟེན་སྐུ་ཉིད་ནས་ཐུགས་ཞིབ་མཛོད།

    ReplyDelete
  4. དེ་ན། ལོ་གསར་པ་ལ་བཀྲ་ཤིས་བདེ་ལེགས་ཟེར་ན། ལོ་གསར་པ་དེའི་རིང་ལ་བཀྲ་ཤིས་བདེ་ལེགས་ཡོང་བའམ། དེ་ནས་བཟུང་སྟེ་ཇི་སྲིད་བར་རམ། བསྐལ་བརྒྱའི་བར་ཟེར་བ་ལྟ་བུ་དུས་དང་འབྲེལ་བ་དང༌། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཟེར་ན། ལོ་གསར་པའི་དགའ་སྟོན་དེར་ཤིས་ཚིག་སྒྲོག་པ་ཞིག་སྟེ། ཆང་ས་དང་ཁང་སྟོན། འཁྲུངས་སྐར་སོགས་ལ་ཤིས་ཚིག་སྒྲོག་པ་ལྟར་ཡིན་ནམ་སྙམ། གཅིག་བྱས་ན་སླ་བ་ཞིག་དཀའ་རུ་བཏང་ནས་ཆོ་མེད་ཆགས་ཡོད་ཤས་ཆེ། བློ་བཟང་ཤེས་རབ་པས།

    ReplyDelete
  5. འཆར་བའི་ལྕགས་ཕོ་སྟག་གི་གནམ་ལོ་འདིར༎
    ཚེ་བསོད་དབང་ཀླུང་ཡར་ངོའི་ཟླ་བཞིན་འཕེལ༎
    ལོངས་སྤྱོད་འབྱོར་པ་དབྱར་གྱི་མཚོ་བཞིན་རྒྱས༎
    སྙན་པའི་གྲགས་པ་གནམ་གྱི་འབྲུག་བཞིན་ལྡིར༎

    ReplyDelete
  6. ཆུང་ཚེ་རིང་ལགས༑ གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ༑

    ReplyDelete
  7. ༅། །མཁྱེན་ཡངས་ཆབ་མདོ་ཤེས་རབ་ལགས་ཀྱིས་གནད་ལུགས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ང་ལ་མཚོན་ན། བརྗོད་བདེའི་ཆ་ནས་ལོ་གསར་དང་ལོ་སར་གཉིས་ལ་ཁྱད་ཅི་ཡང་མི་འདུག ལོ་སར་ཟོར་ཡང་བ་ཙམ་དུ་སྣང་། དེ་ནི་དབུས་སྐད་དུ་གསར་དང་སར་གྱི་སྒྲ་འདོན་ཚུལ་ལ་ཁྱད་པར་ཅི་ཡང་མེད་པས་ཡིན་སྲིད།

    ReplyDelete
  8. ཉིད་ཀྱིས་གསུང་པ་ལྟར། དབུས་གཙང་སྐད་ལ་སྔོན་འཇུག་གི་སྒྲ་དེ་ཁམས་དང་ཨ་མདོ་ལྟར་དམ་པོ་རང་མེད་པར་ང་ལ་ཚོར་སྣང་བྱུང༌།

    ངས་བརྗོད་བདེ་ལས་གཞན་གནད་དོན་ཞིག་བཤད་པ་ནི། "ལོ་སར"ཟེར་ན་ལོ་གསར་པའི་དགའ་སྟོན་རང་ལ་གོ་སྟེ"ཁྱེད་ཚང་གིས་ལོ་སར་གྱི་ཨི་ཡོད"ངེད་ཚང་གིས་ལོ་སར་གྱིན་ཡོད"ཁོང་ཚང་གིས་ལོ་སར་གྱི་མ་རེད"ལྟ་བུ། དེའི་གནད་ཀྱིས"ལོ་སར་གཏོང"ཞེས་པའི་བྱ་ཚིག་"གཏོང"དེ་མེད་ཀྱང་ཆོག་པ་ཡིན། ཁ་སང་རང་ཕ་ཡུལ་ལ་ཁ་པར་གཏོང་སྐབས་ཀྱང༌། "ད་ལོ་ལོ་སར་ཤིས་མེད"ཟེར། འདི་ཁ་སྐད་རེད། "ལོ་གསར་པ"ཟེར་ན་གསར་རྙིང་གིས་ཟླས་ཕྱེས་པ་ལས་དམིགས་བསལ་ལོ་གསར་པའི་དགའ་སྟོན་ལ་མི་གོ་བས"ལོ་གསར་གྱི་ཨི་ཡོད"ཟེར་སྲོལ་མེད། འོན་ཀྱང་དེ་འདྲའི་ལབ་སྲོལ་དེ་ལུང་པ་ག་ཚོད་ལ་ཁྱབ་ཡོད་པ་ང་ལ་ཤོད་རྒྱུ་མེད་པས་སྐུ་ཉིད་ནས་ཐུགས་ཞིབ་མཛོད་ཅེས་བྲིས་པ་ཡིན།

    དེ་རྗེས་ངས་དེའི་སྐོར་དོ་སྣང་བྱེད་སྐབས་བོད་ནང་ནས་ཨ་མདོ་དང་ལྷག་པར་མགོ་ལོག་གི་མི་ཁ་ཤས་ཀྱི་སྐད་ཅ་བཤད་པར་ཉན་སྐབས། ད་ལོ་ལོ་སར་ཅང་མེད། ལོ་སར་དང་མི་སར། ལོ་སར་གྱི་ཡོད་མེད། ཟེར་བ་ལས་ལོ་སར་གཏོང་མི་གཏོང་ཟེར་གྱིན་མི་འདུག །དེར་བརྟེན་ལོ་སར་ཟེར་བ་དེ་ལོ་གསར་པའི་དགའ་སྟོན་ལ་གོ་བ་དང༌། ལོ་གསར་པ་ཟེར་ན་ལོ་གསར་པ་རང་ལས་དམིགས་བསལ་ལོ་གསར་པའི་དགལ་སྟོན་ལ་མི་གོ་བ་འདི་ལ་ངེས་པ་ཇེ་བརྟན་དུ་འགྲོ་སོང༌།

    ReplyDelete
  9. ཆུང་ཚེ་རིང་ལགས། ལོ་གསར་གྱི་འགྲེལ་བ་རྒྱས་པ་གནང་པར་ཐུགས་རྗེ་ཆེ་ཞུ། དེས་ཀྱང་ང་ལ་བློ་སྐྱེད་ཅིག་བསྟེར་བྱུང། འོན་ཏེ་ངའི་ཕ་ཡུལ་གྱིས་ལོ་གསར་ཧོ་ཟླ་དང་པོའི་ཚེས་གཅིག་ལ་སྲུང་བརྩི་བྱེད་གསོལ་ཡོད་ཀྱང་ལོ་སར་སྟངས་ལ་ཁྱེད་ཀྱིས་གསུང་པ་དང་སྡུར་ན་འདྲ་བ་ཞིག་པལ་ཆེར་མི་འདུག དེ་གཅིག་ཡིན། ཁྱེད་ཀྱིས་དབུས་པའི་ལོ་གསར་ལས་ཉིད་ཀྱི་ཕ་ཡུལ་གྱི་སོ་ནམ་ལོ་གསར་སོགས་ལ་གང་ཡང་གསུང་མི་འདུག
    ངའི་ཕ་ཡུལ་གྲོང་ཚོ་ཆུང་ཆུང་དེ་མཚོན་ན་ལོ་སར་ཟེར་བའི་སར་དེ་བྱ་ཚིག་ཅིག་ཡིན་པ་ལས་མིང་ཚིག་ཅིག་ལ་མི་བཀོལ་བས་དཔྱད་གཞི་རུ་གྱུར་འདུག་པས་དཔྱོད་པ་འཚལ་ལོ།། བཀྲ་ཤེས་ནས།།












    ReplyDelete
  10. བཀྲ་ཤིས་ལགས། དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ལོ་གསར་གྱི་ངོ་སྤྲོད་འདིའི་ནང་གཙོ་བོ་བོད་རྒྱལ་ཁབ་ཀྱི་སྔར་སྲོལ་གཞུང་འབྲེལ་མཛད་སྒོ་དང་། དབུས་གཙང་ཁུལ་དུ་ཅུང་ཡོངས་ཁྱབ་ཡིན་པའི་དམངས་སྲོལ་རྣམས་ངོ་སྤྲོད་ཞུས་པའི་ཁུལ་ཡིན། ངའི་ཕ་ཡུལ་དུ་སོ་ནམ་ལོ་གསར་ཞེས་ལོགས་སུ་གཏོང་གི་མ་རེད། ལོ་གསར་སྐབས་རྟ་བོང་སྒ་རྒྱག་ཅེས་རྟ་དང་བོང་བུ་ན་ལོངས་པ་ཚོར་སྒ་གསར་དུ་རྒྱག་པ་དང་། ཞིང་ས་གསར་དུ་རྨོ་བའི་བྱེད་སྒོ་དམིགས་བསལ་བ་ཞིག་ཡོད་ཅིང་། དེའི་སྐོར་རྗེས་སུ་དུས་ཚོད་བྱུང་སྐབས་འདིའི་ཐོག་ཁ་སྣོན་ཞུ་རྩིས་ཡོད། ལོ་གསར་ཚེས་ ༡༥ ཉིན་སྦྱིན་བདག་དུས་ཆེན་ཞེས་བྱིས་པའི་སྟོན་ཆེན་ཞིག་ཀྱང་ཡོད། དབུས་སྐད་ནང་ལོ་གསར་གཏོང་ཞེས་པ་ལས། ཁྱེད་ཅག་ལྟར་ལོ་སར་ཞེས་སར་འདི་བྱ་ཚིག་ཏུ་འཇུག་པའི་སྐབས་མེད། འོན་ཀྱང་གསར་དང་སར་གཉིས་ཀ་མིང་ཚིག་ཏུ་འབྲི་བ་ནི་སྣང་། དཔེར་ན། གསར་མི་ལ་སར་མི་དང་། གསར་སྐྱེས་ལ་སར་སྐྱེས་ཞེས་འབྲི་བ་ལྟ་བུ་ཡིན། དག་ཡིག་རྣམས་སུའང་སར་འདི་བྱ་ཚིག་ཏུ་འཇུག་པར་གསུངས་པ་ད་ཕན་མ་མཇལ། ཐུགས་རྗེ་ཆེ།

    ReplyDelete
  11. མཁྱེན་ལྡན་ཆབ་མདོ་ཤེས་རབ་ལགས་ཀྱིས་འགྲེལ་བཤད་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ། དབུས་གཙང་ཁུལ་དུ་གསར་བཙས་ལ་སར་བཙས་སོགས་འབྲི་སྲོལ་འདུག་པས། ལོ་གསར་དང་ལོ་སར་གང་བྲིས་ནའང་འཐད་པ་འདྲ། འོན་ཀྱང་དབུས་སྐད་ནང་སར་འདི་བྱ་ཚིག་ཏུ་འཇུག་པའི་སྐབས་མེད། ངའི་ཕ་ཡུལ་དུ་བསར་ཚར་རམ། གསོར་ཅིག་ཅེས་བྱ་ཚིག་ཏུ་འཇུག་པའི་སྐབས་ཤིག་ཡོད་ཀྱང་། དེ་ནི་གྲ་སྒྲིག་བྱས་པའི་དོན་ཡིན།

    ReplyDelete
  12. བཀུར་འོས་ཆུང་ཚེ་རིང་་ལགས།
    བོདཀྱི་ལོ་གསར་པའི་ནང་སྐུ་ཉིད་སྐུ་གཟུགས་གསལ་ཐང་དང་། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ།

    སྐུ་ཉི་དང་། རྒན་ཆབ་མདོ་ཤེས་རབ་ལགས་གཉིས་ཀྱིས་ལོ་གསར་དང་ལོ་སར་གཉིས་ལས་གང་དག་མིན་སོགས་ལ་དཔྱད་གླེང་གནང་བ་དེས་ང་ལ་དྲན་གསོ་ཞིག་བཏང་སོང་། དེ་སྔོན་སྒོམ་སྡེ་ལྷ་རམས་པ་ལགས་ལགས་ཀྱི་ཟིན་བྲིས་ནང་། ལོ་གསར་དང་ལོ་སར། དེ་བཞིན་གཉིས་དང་ཉིས། གསུམ་དང་སུམ། སོགས་གང་དག་མིན་དང་དེ་དག་བྱུང་ཞིག་བྲིས་པ་དྲན་སོས་ཀྱི་འདུག སྔོན་གྱི་ཡིག་རྙིང་ཀུན་གྱི་ནང་དུ། ལོ་གསར། གཉིས། གསུམ་ཞེས་པ་ལས་སར་དང་། ཉིས། སུམ། སོགས་བྲིས་ཀྱི་མེད་པ་དང་། ལོ་ཙླ་བ་སྐ་ཅོག་ཞང་གསུམ་གྱི་རྗེས་སུ་སར་དང་ཉིས། སུམ་སོགས་འབྲི་སྲོལ་ཆག་པར་བཤད་པ་དེ་གཅིག་བྱས་ན་བདེན་པ་འདྲ་ཞིག་འདུག
    ལོ་ཙླ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་བོད་ཀྱི་ཡི་གེ་མང་པོ་ཞིག་གི་ཚིག་ཉུང་དུ་བཏང་ཡོད་པ་ལོ་རྒྱུས་ལས་གསལ་བ་ལྟར་རེད། གང་ལྟར། རྒན་ཆབ་མདོ་ཤེས་རབ་ལགས་ཀྱིས་གསུང་པ་ལྟར། རྟགས་མཚུངས་ཀྱི་དབང་དུ་བྱས་ནས་སར་ཞེས་བྲིས་པའང་བདེན་འདུག་སྙམ།
    ཉི་མའི་ཁྲོད་དུ་སྒྲོན་མེའི་བཏེགས་པར་ཐལ་སོང་་བས་དགོངས་པ་མ་འཚོམ། བཀའ་སློབ་མང་ཙམ་གནང་རོགས།
    བཀྲ་ཤིས་བདེ་ལེགས། སྐུ་ཞབས་ལགས་ཀྱི་ངོ་སྤྲོད་འདི་གུས་པས་ཚན་བཤུས་ཀྱིས་བང་ཆེན་དྲ་ཐོག་བཞག་ཆོག་པའི་གནང་བ་ཞུ།
    ཐུགས་རྗེ་ཆེ།

    ReplyDelete
  13. ད་དུ་སུམ་ཅུ་པ་ལ། སྔོན་གྱི་ཡིག་རྙིང་ནང་། གསུམ་བཅུ་པ་ཞེས་གསལ་ཡོད་པ་གསུངས་པ་ཞིག་དྲན་གྱི་འདུག ཡིན་ཡང་། ཡིག་རྙིང་དེ་ད་ལྟ་རྙེད་མ་སོང་། རྒན་ལགས་ཀྱིས་ཉམས་ཞིབ་ཏོག་ཙམ་གནང་ནས་གསུང་རོགས་གནང་།
    གུས་པ་བེ་རི་དཔལ་ལྡན་རྣམ་རྒྱལ་བས།

    ReplyDelete
  14. བེ་རི་དཔལ་ལྡན་རྣམ་རྒྱལ་ལགས། ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

    ལོ་གསར་ལ་ལོ་སར་ཞེས་འབྲི་བ་འདི་ནི། བཀས་བཅས་གསུམ་པའི་སྐབས་སུ་བཅོས་པའི་ཁོངས་སུ་གཏོགས་པ་ཞིག་ཕལ་ཆེར་མ་རེད། ཕྲན་གྱིས་དོ་སྣང་བྱུང་བ་ལྟར་ན། ལོ་གསར་ལ་ལོ་སར་ཞེས་འབྲི་བ་འདི་ཉེ་དུས་ཤུགས་ཆེར་དར་བ་ཞིག་ཏུ་སྣང་ཞིང་། དེ་ཡང་གཙོ་བོ་བོད་མདོ་སྨད་ཀྱི་ཕྱོགས་སུ་བཀོལ་སྤྱོད་བྱེད་མཁན་མང་བ་འདུག སུམ་བཅུ་ཞེས་མ་བྲིས་པར་སུམ་ཅུ་ཞེས་འབྲི་བའི་ཐད་ནས་བཤད་ན། སུམ་ལ་རྗེས་མཇུག་མ་ལྡན་པའི་དབང་གིས་བཅུ་ཡི་སྔོན་འཇུག་མི་དགོས་པར་བྱས་སྣང་བ་དེ། བཞི་བཅུ་དང་ལྔ་བཅུ་ལ་བཞི་ཅུ་དང་ལྔ་ཅུ་ཞེས་མི་འབྲི་བ་དང་། དྲུག་ཅུ་དང་བདུན་ཅུ་ལ་དྲུག་བཅུ་དང་མདུན་བཅུ་ཞེས་མི་འབྲི་བའི་ཚུལ་ལ་བསམས་ན་ཤེས་ནུས་པ་ཡིན།
    ༡༩༥༩ གོང་གི་བོད་ཀྱི་མཁས་པ་ཚོའི་གསུང་འབུམ་ཁག་ལ་བལྟ་སྐབས། ལོ་གསར་ཞེས་ཧ་ལམ་གཅིག་གྱུར་ལྟ་བུར་བྲིས་འདུག་པ་དཔེར་ན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་(1456-1532)ཀྱི་གསུང་འབུམ་པོད་གསུམ་པར་ལོ་གསར་དུས་ཀྱི་ཤིས་ཚིག་བརྗོད་པ་ཞེས་གསལ་བ་དང་། དེ་བཞིན་༸རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་(1543-1588)གསུང་འབུམ་དང་། ཅོ་ཉེ་གྲགས་པ་བཤད་སྒྲུབ་(1675-1748)ཀྱི་གསུང་ལོ་གསར་གྱི་དུས་སུ་དཔལ་ལྡན་ལྷ་མོའི་ཚེས་གཏོར་འབུལ་ཚུལ། འབྲོང་རྩེ་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་(1745-1800)ཀྱི་གསུང་འབུམ་པོད་དང་པོ་སོགས་ཀྱི་ནང་ལོ་གསར་ཞེས་པ་ལས་ལོ་སར་ཞེས་བྲིས་པ་མི་འདུག
    མདོར་ན། ལོ་སར་ཞེས་སར་ལ་སྔོན་འཇུག་ག་མེད་པར་འབྲི་བའི་སྲོལ་འདིའི་ཁུངས་དང་རྒྱུ་མཚན་རྣམ་དག་ཅིག་ད་ཕན་མ་མཐོང་ཞིང་། བོད་གཞིས་བྱེས་གཉིས་ཀ་ན་ལོ་གསར་ཞེས་ག་སྔོན་འཇུག་ཅན་འབྲི་མཁན་དེང་སྐབས་ཀྱང་ཆེས་མང་བ། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཡིག་ཆ་ཁག་ཏུའང་ལོ་གསར་ཞེས་གས་འཕུལ་ཅན་བྲིས་དང་འབྲི་བཞིན་པར་བརྟེན། ཕྲན་གྱིས་ཀྱང་དེ་ག་རང་འབྲི་བཞིན་པ་ལགས།

    ReplyDelete
  15. བཀའ་དྲིན་ཆེ་ཞུ་བ་ཡིན།དེ་རིང་དུས་ཚོད་ཀྱི་དབང་གིས་ཚང་མ་ཀློག་པའི་གོ་སྐབས་བྱུང་མ་སོང་སྟེ་ཕྱིས་སུ་ངེས་པར་ཞིབ་བཀླག་བྱེད་ངེས་ཡིན།

    ReplyDelete