2009-08-31

༅༅།། གྲོས་ཚོགས་གོང་མའི་ཚོགས་མི་ལྕམ་སྐུ་ཌའེ་ན་ ཧྥན་སེ་ཊེན་(Dianne Feinstein)གྱི་གསུང་བཤད།

༅༅།། སྲིད་འཛིན་སྐུ་ཞབས་མཆོག་དང་ཚོགས་གཙོ་ལྕམ་སྐུ་མཆོག །ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་པ་ཁག་གི་དབུ་འཁྲིད་སྐུ་ཞབས་རྣམ་པ། བཀུར་འོས་སྐུ་མགྲོན་རྣམ་པ་ཚོ། ངས་ལོ་འདིའི་ལོ་འགོར་གྲོངས་པའི་གྲོས་ཚོགས་གོང་མའི་ཚོགས་མི་ཁེ་རེག་ ཐོ་མ་སེ་ (Craig Thomas)ཡི་བྱས་འབྲས་ངོས་འཛིན་གྱི་ཐོག་ནས་གཏམ་བཤད་འགོ་འཛུགས་ཞུ་གི་ཡིན། གྲོས་ཚོགས་གོང་མའི་ཚོགས་མི་ཐོ་མ་སེ་ནི། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ྋགོང་ས་མཆོག་ལ་འབུལ་རྒྱུའི་གྲོས་ཚོགས་གོང་མའི་གྲོས་འཆར་ལ་ང་དང་མཉམ་དུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་མ་ཟད། བོད་ཀྱི་ཐོག་ཏུ་ཨ་རིའི་གཞུང་གི་སྲིད་བྱུས་ཐོག་མར་རགས་བསྡུས་སུ་གཏན་ལ་འབེབས་བྱེད་ཀྱི་བོད་འབྲེལ་སྲིད་བྱུས་ཁྲིམས་ཡིག་ལའང་རྒྱབ་སྐྱོར་གནང་མཁན་ཞིག་རེད། གྲོས་ཚོགས་གོང་མའི་ཚོགས་མི་ཐོ་མ་སེའི་ལྕམ་སྐུ་སུ་སན་ (Susan)ལགས་ཐོ་མ་སེའི་ནང་མི་ཁ་ཤས་དང་མཉམ་དེ་རིང་འདིར་ཕེབས་ཡོད་པ་རེད། སུ་སན་ལགས། ཁྱེད་རང་ཡར་བཞེངས་ཏེ་བརྡ་སྟོན་གནང་རོགས། ད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་ལ་ཚིག་ཁ་ཤས་ཞུ་གི་ཡིན། འཛམ་གླིང་འདི་རྩོད་རྙོག་དང་འཐབ་རྩོད་ཀྱིས་ཁེངས་ཡོད་ཀྱང༌། ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་འདི་རང་གི་བཅད་མཚམས་ལས་བརྒལ་བཅུག་ཐོག་ང་ཚོར་རེ་བ་དང་མཉམ་དུ་བློ་སྟོབས་སྤེལ་བར་མཛད་ཡོད། “ཁོང་རྟོགས་པ་ནི་སྙིང་རྗེ་རྟོགས་པ་ཡིན་” “ཁོང་ལ་ཉན་པ་ནི་ཤེས་རབ་སྦྱོང་བ་ཡིན།” “ཁོང་གི་ཉེ་དྲུང་དུ་བཅར་བ་ནི་ཧ་ཅང་ཁྱད་དུ་འཕགས་པ་ཞིག་ཡོད་པ་མྱོང་ཚོར་བྱེད་པ་ཡིན།” སྐྱེས་མཆོག་འདི་ནི་ཞི་བདེ་དང་བྱམས་སྙིང་རྗེའི་ནུས་སྟོབས་ཆེན་པོ་ཞིག་རེད་ལ། ཁོང་གིས་མི་རྣམས་གུ་དོག་དང༌། རང་འདོད་གཙོ་གཉེར་གྱི་འཆིང་རྒྱ་ལས་བརྒལ་ཏེ་གཞན་ཕན་སྒྲུབ་པའི་གདེང་སྟོབས་རྙེད་པར་མཛད། ཏཱ་ལའི་བླ་མ་མཆོག་ལ་གུས་ངོས་ནས་གྲོགས་པོ་ཞེས་ཞུ་བའི་བསྐལ་བཟང་གི་གོ་སྐབས་ལོ་ངོ་ ༣༠ མ་ཟིན་ཙམ་བྱུང༌།

2009-08-24

བཙན་བྱོལ་བོད་མིའི་ནང་གི་རིགས་གཅིག་རྐང་འཛིན་པ་དང་པོའི་གྲས་ཤིག


དེང་རབས་ཀྱི་གསོ་བ་རིག་པའི་ཐོག་སློབ་སྦྱོང་མཐར་ཕྱིན་པ་གནང་སྟེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་གནང་མཁན་ཌོག་ཊར་སྤེན་པ་ལགས་ནི་ཕྱི་ལོ་ ༡༩༤༩ ནས་ ༡༩༥༥ བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡུ་ནན་བྷ་སེ་ཊི་ཞེས་པའི་མཐོ་རིམ་སྨན་ཁང་ཆེ་བའི་ནང་སྨན་དང་གཤག་བཅོས་རིག་པའི་ཐད་ཉེ་བའི་གཙུག་ལག་རབ་འབྱམས་(MBBS)པའི་སློབ་སྦྱོང་གནང་སྟེ་རྒྱ་གར་དུ་ལོག ། དེ་རྗེས་ཕྱི་ལོ་ ༡༩༦༥ ནས་ ༡༩༦༧ བར་གོང་གསལ་དབྱིན་ཡུལ་གྱི་སློབ་གྲྭ་དེར་བསྐྱར་དུ་ཕེབས་ནས་མཐོ་རིམ་གཤག་བཅོས་ཀྱི་གཙུག་ལག་སློབ་གཉེར་(Member of the Royal College of Surgeons.)མཐར་ཕྱིན་པ་གནང། དེ་ནི་བོད་རིགས་ཤིག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཤིག་ལ་ལག་འཁྱེར་དེ་ཐོབ་པ་ཐེངས་དང་པོ་ཡིན།

2009-08-20

དམར་ཤོག་པ་ཡིན་མིན་གྱི་ས་མཚམས།

ཨ་རིའི་སྲིད་འཛིན་བཞི་བཅུ་པ་རོ་ནལྜི་ རེ་གྷན་གྱིས་༼༡༩༡༡་་་༢༠༠༤༽གསུངས་པར། དམར་ཤོག་རིང་ལུགས་པ་ཟེར་ན་སུ་འདྲ་ཞིག་ལ་ཟེར་བ་རེད་ཅེ་ན། དེ་ནི་མར་ཁེ་སེ་དང་ལེ་ཉིན་གྱི་རྩོམ་ཡིག་ཀློག་མཁན་ཚོ་རེད། འོ་ན་ཅི་འདྲ་ཞིག་ལ་དམར་ཤོག་ལ་ངོ་རྒོལ་བྱེད་མཁན་ཟེར་ཞེ་ན། དེ་ནི་མར་ཁེ་སེ་དང་ལེ་ཉིན་ཧ་གོ་མཁན་ཚོ་རེད།

How do you tell a communist? Well, it's someone who reads Marx and Lenin. And how do you tell an anti-Communist? It's someone who understands Marx and Lenin. Ronald Reagan 40th president of US (1911 - 2004)

2009-08-18

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཟུར་པ་རྒྱ་མཚོ་ཚེ་རིང་ལགས་ཀྱི་བསྒྱུར་རྩོམ་ཐུང་ངུ་ཞིག


དགེ་སློང་སངྒ་རཀ་ཆི་ཏས་བརྩམས་པའི་དབྱིན་ཡིག་《དཔྱིད་ཀ་》ཞེས་པའི་སྙན་ངག་ལས་རྒྱ་མཚོ་ཚེ་རིང་པས་བོད་ཡིག་ཏུ་བསྒྱུར་པ།

དཔྱིད་ཀ

༑ འདབ་བྲལ་སྐྱེ་ཞིང་ཡལ་ག་གཅེར་མ་ལ།། རྩི་བཅུད་རབ་སྟེར་མྱུ་གུ་ལྗང་པོར་བསྐྱུར།། མཆུ་རྗེས་བཞག་པའི་སྔ་ལོའི་ཚང་འགྲམ་དུ།། འདག་བྱིལ་དེ་དག་འཕུར་ཞིང་འཕུར་ཞིང་སྐྱོད།། འགྲོ་བ་བརྟེན་པའི་འཛིན་མའི་ས་ཁྱོན་དུ།། རབ་རོལ་དགའ་བརྩེའི་དབྱངས་ཀྱིས་ཁྱབ་པ་དང།། བ་དམ་མེ་ཏོག་ལ་ལྡན་བཞད་པའི་སྤྲོ་བ་བཞིན།། བྱང་ཆུབ་སེམས་དཔའི་རྣལ་འབྱོར་ཡིད་ལ་འཆར།། ༼རབ་ལོ་་༩༣༦ ཆུ་སྟག་ཟླ་ ༤ པའི་ཚེས་ ༢༨ སྤྱི་ལོ་ ༡༩༦༢ ཟླ་ ༦ ཚེས་ ༣༠ ཉིན་གྱི་རང་དབང་གསར་ཤོག་ཏུ་གསལ་བ་ལས་འདིར་དྲངས་སོ།།༽

2009-08-13

དྲག་ཆར་ཁྲོད་དུ།

༼སྒྲུང་འདི་ཕྱི་ལོ་ ༡༩༩༢ སམ་ ༡༩༩༣ ལོར་བྲིས་པ་ཞིག་ཡིན། སྐབས་དེར་སུ་ཇཱ་བོད་ཁྱིམ་དུ་མདོ་སྟོད་སྨད་ཀྱི་སློབ་ཕྲུག་དབར་འཁྲུག་རྩོད་ཤོར་ནས་ཟླ་བ་ཁ་ཤས་སློབ་གྲྭ་སྒོ་བརྒྱབ། ང་རང་དྷ་རམ་ས་ལར་ཡོང་སྟེ་མེག་ལོར་གྱི་སྐྱིད་རོང་གྲོང་དུ་སྤུ་ཧྲེང་རྡོ་རྗེའི་སྒེར་ཁང་ནས་ཁང་མིག་ཅིག་གླས་ཏེ་ཟླ་བ་གཉིས་ཙམ་བསྡད། སྐབས་དེར་ང་དང་མཉམ་དུ་ལྷ་ས་བ་བློ་བཟང་བསྟན་འཛིན་ཟེར་བའི་གྲྭ་པ་ཞིག་ཡོད། ཁོང་རྩོམ་རིག་ལ་དགའ་མོས་ཆེ་བས་ངེད་གཉིས་ཡུན་རིང་སྒྲུང་རྩོམ་སོགས་ཀྱི་སྐོར་གླེང་ནས་བསྡད། འོན་ཀྱང་གཉིས་ཀས་སྨྱུ་གུ་འགུལ་མ་ཐུབ། ཉིན་གཅིག་ངས་འདི་ལྟར་བཤད་ནས་བསྡད་ན་སྟོང་གཏམ་རང་རེད། དེ་ལས་སྨྱུ་གུ་འགུལ་ནས་ཚོད་ལྟ་ཞིག་བྱས་ན་ལེགས་སྙམ་ནས་གཤམ་གྱི་སྒྲུང་དེ་མཚན་མོ་གཅིག་ལ་མཇུག་རྫོགས་པར་བྲིས་ཏེ་སྐབས་དེར་རྩོམ་བསྡུའི་གསལ་བསྒྲགས་སྤེལ་བཞིན་པའི་དུས་དེབ་གངས་ཅན་རོལ་སྟེགས་ཞེས་པར་བསྐུར། ཟླ་བ་ཁ་ཤས་ཀྱི་རྗེས་སུ་དུས་དེབ་དེའི་ཤོག་གྲངས་དང་པོར་སྒྲུང་རྩོམ་དེ་བཀོད་འདུག་པས། སྐད་ཅིག་ཉིད་དུ་སློབ་གྲྭའི་ནང་ང་རང་སྤྱིར་བཏང་གི་སློབ་ཕྲུག་ཅིག་ནས་རྩོམ་པ་པོའི་མིང་གྲགས་ཡོད་པ་ཞིག་ཏུ་གྱུར། དེང་སྐབས་དྷ་རམ་ས་ལར་ཆར་ཞོད་ཆེ་བའི་སྐབས་རེད། དྲག་ཆར་ཁྲོད་དུ་འགྲོ་ཐེངས་རེར་ངའི་སྒྲུང་རྩོམ་ཐོག་མ་འདི་ཡིད་ལ་དྲན་འོང་། དེར་བརྟེན་དེ་རིང་ཡང་བསྐྱར་དྲྭ་ཐོག་ནས་ཀློག་པ་པོ་ཚོའི་སྤྱན་ལམ་དུ་སྒྲུང་འདི་འབུལ་བ་ལགས།

2009-08-06

གྲོས་ཚོགས་ཚོགས་མི་སྐུ་ཞབས་ཊོམ་ ལན་ཊོ་སེའི་ (Tom Lantos)གསུང་བཤད།

༅༅།། ཧ་ལམ་ལོ་ངོ་ཉེར་ལྔ་ཙམ་གྱི་གོང་དུ་ངའི་བཟའ་ཟླ་ཨན་ནེ་ཊེ་(Annette)དང་ངས་བལ་ཡུལ་ནས་བོད་མིའི་སྤྱི་ཚོགས་མཐོང་བྱུང༌། ཁོང་ཚོས་ཁྱད་དུ་འཕགས་པའི་ཞི་བདེའི་སྐྱེས་བུ་འདིར་དད་དམ་གཡོ་མེད་བཟུང་ཚུལ་མཐོང་བར་བརྟེན་ནས་ཨན་ནེ་ཊེ་ངེད་གཉིས་ྋགོང་ས་མཆོག་དང་འབྲེལ་བ་ཆགས་སོང༌།

ལོ་རབས་གཉིས་ཀྱི་གོང་དུ་ྋགོང་ས་མཆོག་ཐོག་མར་ཨ་རིའི་གྲོས་ཚོགས་སུ་གདན་ཞུ་གནང་མཁན་ཨན་ནེ་ཊེ་རེད། དེ་དུས་དེ་རིང་ཡོད་པ་ལྟ་བུའི་ཚོགས་འདུ་མེད་པར་ང་ཚོ་མི་ལྔ་དྲུག་ཅིག་གིས་ཆེད་འཛུགས་ཚོགས་ཆུང་གི་ཁང་མིག་ཆུང་ཆུང་ཞིག་ནང་ཁོང་མཇལ་ཞིང༌།

སྐབས་དེར་ྋགོང་ས་མཆོག་གིས་ད་ལྟའང་ཐུགས་ཚོར་ཆེན་པོའི་ཆོད་སེམས་དང་བཅས་འཇུག་མུས་ཀྱི་གང་གི་ཞི་བདེའི་དགོངས་པ་གསུངས་གནང་བྱུང༌།
 

ཧ་ལམ་ཤེས་རྟོགས་མེད་ས་ཞིག་ནས་ཇི་ལྟར་ནང་པའི་གྲྭ་པ་སྙེམས་ཆུང་འདི་གོ་ལ་ཡོངས་ཀྱིས་བཀུར་བའི་ཁྱད་འཕགས་སྐྱེ་བོ་ཞིག་ཏུ་གྱུར་པའི་གཙོ་བོའི་རྒྱུ་རྐྱེན་ནི་ཤོག་སྒྲིལ་དཔུང་སྡེབ་མ་རེད་ལ། དཔལ་འབྱོར་གྱི་སྟོབས་ཤུགས་ཀྱང་མ་རེད། དེ་བཞིན་སྲིད་དོན་གྱི་ཤུགས་རྐྱེན་ཡང་མིན་པར་དེ་ནི་བཟང་སྤྱོད་ཀྱི་ཟིལ་ཤུགས་རེད།

འཛམ་གླིང་གི་ལོ་རྒྱུས་ནང༌། བཟང་སྤྱོད་ཀྱི་ཟིལ་ཤུགས་མཁོ་སྤྲོད་བྱ་རྒྱུ་ཉུང་སྐྱོན་བྱུང་བ་ལྟ་བུའི་ཉུང་སྐྱོན་བྱུང་བ་གཞན་ཅི་ཡང་མེད་པའི་དུས་སྐབས་སུ། ནང་པའི་གྲྭ་པ་སྙེམས་ཆུང་འདི་འཛད་མཐའ་མེད་པའི་བཟང་སྤྱོད་ཟིལ་ཤུགས་ཀྱི་འབྱུང་ཁུངས་སུ་གྲུབ་ཅིང༌། འདི་ནི་གོ་ལ་ཧྲིལ་པོའི་མི་མང་ཚོས་ཁོང་ལ་གུས་བརྩི་དང༌། ཡིད་མོས། དགའ་ཞེན་བཅས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།

དེར་བརྟེན་ངས་གོ་སྐབས་འདི་ཡང་བསྐྱར་བཟུང་སྟེ་པེ་ཅིང་གི་མི་ཚོར་ཕྱོགས་ནས་བསླབ་བྱ་ཡག་པོ་ཞིག་བྱ་རྒྱུ་ཡིན། དེ་ཡང་པེ་ཅིང་གི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལ་རན་འཚམས་ཀྱི་ཁོར་ཡུག་ངེས་བརྟན་ཆེ་ཤོས་དང་ནུས་པ་ཆེ་ཤོས་ནི། ཞི་བདེའི་སྐྱེས་བུ་འདི་པེ་ཅིང་དུ་གདན་འདྲེན་ཞུས་ཏེ། དོ་གལ་ཆེན་པོའི་གྲོས་བསྡུར་དང་མཐར་མཐུག་ཁྱེད་ཚོ་དང་ྋགོང་ས་མཆོག་དབར་གྱི་རྩོད་རྙོག་འདུམ་སྒྲིག་བྱེད་པ་ལས་ལྷག་པ་གཞན་གང་གིས་ཀྱང་འགན་ལེན་བྱེད་མི་ཐུབ།

ཁོང་གིས་རྒྱ་ནག་གི་བདག་དབང་ཞལ་བཞེས་ལེན་གནང་ཡོད། ཁོང་"ཁ་བྲལ་རིང་ལུགས་པ་" ཞིག་མ་རེད། རང་གི་མི་མང་ཆེད་ཁོང་ལ་ཆོས་ལུགས་དང་རིག་གཞུང་གི་རང་སྐྱོང་དགོས་ཀྱི་ཡོད་ཅིང་དེ་ནི་ཁོང་ཚོར་ཧ་ཅང་འོས་འཚམས་རེད།

ངས་ང་ཚོའི་པེ་ཅིང་གི་གྲོགས་པོ་ཚོས། སྐབས་རེ་ང་ཚོ་ལོགས་ལོགས་ཡིན་པ་ལྟ་བུར་སྣང་ཡང༌། ང་ཚོ་ཚང་མ་གོང་བུ་གཅིག་ཏུ་གནས་ཡོད་པ་དེ་མཁྱེན་རྟོགས་ཐུབ་པ་བཟོ་བར་འདོད་ཅིང༌། དེ་རིང་སྲིད་འཛིན་བྷུ་ཤེ་སྟངས་དཔྱལ་ཟུང་དང༌། གྲོས་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་འདིར་གྲལ་ལམ་དུ་འཁོད་པ་ཚང་མས་ཞི་བདེའི་སྐྱེས་བུ་འདི་པེ་ཅིང་དུ་ཕེབས་འཇུག་དགོས་ཞེས་ཁྱེད་ཚོར་ནན་སྐུལ་ཞུ་རྒྱུ་ཡིན།

2009-08-04

གསེར་གྱི་གཟེངས་རྟཌ་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སའེ་ པེ་ལོ་སི་(Nancy Pelosi)ཡིས་གནང་བའི་གསུང་བཤད།


༼གསེར་གྱི་གཟེངས་རྟགས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་ཆ་ཚང་ཕྱི་དྲིལ་ཤེས་བྱ་གསར་ཁང་གིས་བསྐུལ་བ་ལྟར་བསྒྱུར་ཅིང་ཤེས་བྱ་གསེབ་དེབ་ཐོག་བཀོད་ཡོད།༽
༅༅།། གྲོས་ཚོགས་ཚོགས་མི་ཚོས་དམིགས་བསལ་གྱི་གོ་སྐབས་མང་པོ་བསྐྲུན་གྱི་ཡོད་ཅིང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བའི་གོ་སྐབས་ནང་ཨ་རིའི་སྲིད་འཛིན་མཆོག་མཉམ་ཞུགས་གནང་བ་ནི་མཚུངས་པ་མེད་པའི་ཆེ་མཐོང་ཞིག་རེད།
ངས་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཕྱག་སྦྲེལ་ཚོགས་མི་རྣམ་པ༌ཡོངས་ལ་དེ་རིང་གི་གྲུབ་འབྲས་འདི་མངོན་འགྱུར་ཐུབ་པ་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་གསེར་གྱི་རྟགས་མ་འདི་དང་མཉམ་དུ་ཨ་མི་རི་ཀ་དང་ཏཱ་ལའི་བླ་མ་མཆོག་དབར་གྱི་དམིགས་བསལ་འབྲེལ་བར་རྒྱབ་གནོན་ཞུ་གི་ཡོད།
འབྲེལ་བ་དེ་ནི་གསེར་གྱི་ཕྱག་ཚོད་གཅིག་གི་ཐོག་ནས་དབུ་ཚུགས་པ་ཞིག་རེད། ཏཱ་ལའི་བླ་མ་མཆོག་སྐུ་གཞོན་ནུའི་དུས་ཚན་རིག་དང་འཕྲུལ་ལས་ལ་མཉེས་པོ་ཡོད་ཅིང༌། ཚུལ་འདི་སྲིད་འཛིན་ཧྥ་ རན་ཀི་ལིང༌། རཽ་སེ་ཝེལ་ཊིས་(Franklin Roosevelt)མཁྱེན་ཏེ་དགུང་ན་གཞོན་པའི་ཏཱ་ལའི་བླ་མ་མཆོག་ལ་ཟླ་བའི་འཕེལ་གྲིབ་དང་རེས་གཟའ་ཁག་གཟིགས་རྒྱུ་ཡོད་པའི་ཕྱག་ཚོད་ཅིག་ཕུལ་གནང་ཡོད།
ཏཱ་ལའི་བླ་མ་མཆོག་གིས་གསེར་གྱི་ཕྱག་ཚོད་དེ་ལྟ་ན་སྡུག་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་ཞིང༌། ཐ་ན་གང་ཉིད་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་སྐབས་སུའང་མཉམ་དུ་བསྣམས་ཕེབས་ཡོད། ྋགོང་ས་མཆོག་གིས་དེང་སྐབས་ཀྱང་ཕྱག་ཚོད་དེ་བེད་སྤྱོད་གནང་གི་ཡོད་ཅིང༌། དེ་ལས་འཕྲོས་པའི་ཚན་རིག་དང་ཆོས་ལུགས་ཀྱི་འབྲེལ་བའི་སྐོར་གྱི་ཁོང་གི་གསུང་ཆོས་དེ་བློ་སྐྱེད་འཕེལ་གཞིའི་གང་གི་གསུང་བཤད་ནང་གི་གལ་ཆེའི་ཆ་ཤས་ཤིག་རེད།
རང་ཉིད་གྲྭ་རྐྱང་དཀྱུས་མ་ཞིག་ལས་གཞན་ཡར་མཐོ་མར་དམའ་གང་ཡང་མིན་པར་འགྲེལ་བརྗོད་གནང་མཁན་ྋགོང་ས་མཆོག་གིས་ཨ་མི་རི་ཁའི་སྲིད་འཛིན་མཆོག་དང་ཨ་རིའི་མི་མང་རྣམས་ཀྱི་བློ་སྟོབས་སྤེལ་གནང་ཡོད། བོད་ཀྱི་ནང་པ་སངས་རྒྱས་པ་ཚོར་ཁོང་ནི་སངས་རྒྱས་སྐུ་དངོས་འཇིག་རྟེན་དུ་བྱོན་པ་ཞིག་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁོང་ནི་བོད་ཀྱི་ཆོས་ལུགས་ཀྱི་དབུ་འཛིན་ཞིག །དད་མོས་དང་ཡི་རངས་ཅན་གྱི་སྐྱེ་བོ་ས་ཡ་མང་པོར་ཁོང་ནི་ཤེས་རབ་དང་སྙིང་རྗེའི་འབྱུང་ཁུངས་དང༌། གཞོན་སྐྱེས་ཚོར་ྋགོང་ས་མཆོག་ནི་འཛམ་གླིང་འདི་སྔར་བས་ཇེ་ལེགས་སུ་ཇི་ལྟར་བསྒྱུར་དགོས་པའི་ཐད་ཀྱི་བཟང་ཕྱོགས་ཀྱི་མིག་དཔེ་ཞིག་རེད།
ཕྱི་ལོ་ ༡༩༨༧ ལོར་ང་ཚོ་ཐོག་མར་ྋགོང་ས་མཆོག་དང་མཇལ་སྐབས་གྲོས་ཚོགས་ཀྱི་ཚོགས་མི་མང་པོ་གཏོང་གནང་མཁན་ཚོགས་གཙོ་ཊོམ་ལན་ཊོ་སེའི་(Tom Lantos)དྲིན་ངས་རྟག་པར་དྲན་གྱི་འདུག །དེ་དུས་ྋགོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བོད་མི་ཚོར་རང་སྐྱོང་ངོ་མ་ཞིག་རྩོད་པའི་དབུ་མའི་ལམ་གྱི་སྐོར་འགྲེལ་བརྗོད་གནང་སོང༌།

2009-08-01

ཨ་རིའི་སྲིད་འཛིན་བྷུ་ཤིའི་གསུང་བཤད།

༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་མཐོ་ཤོས་གསེར་གྱི་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོ་ཆེན་མོའི་ཐོག་ཨ་རིའི་སྲིད་འཛིན་བྷུ་ཤེ་མཆོག་གིས་གནང་བའི་གསུང་བཤད།

༼གསེར་གྱི་གཟེངས་རྟགས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་ཆ་ཚང་ཕྱི་དྲིལ་ཤེས་བྱ་གསར་ཁང་གིས་བསྐུལ་བ་ལྟར་བསྒྱུར་ཅིང་ཤེས་བྱ་གསེབ་དེབ་ཐོག་བཀོད་ཡོད།༽

གྲོས་ཚོགས་ཚོགས་གཙོ་མཁྱེན་ལྡན་མ་མཆོག་དང༌། གྲོས་ཚོགས་གོང་མའི་འཐུས་མི་བྷའེ་ར་ཌེ༌ (Byrd) མཆོག
།གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ། སྒོས་སུ་གྲོས་ཚོགས་གོང་མའི་ཚོགས་མི་ཧྤེ་ཨན་སེ་ཊན་(Feinstein)དང༌། གྲོས་ཚོགས་ཚོགས་མི་མཁྱེན་ལྡན་མ་ཨེ་ལི་ན་ རོ་སེ་ལེ་ཊི་ནན། (Ileana Ros-Lehtinen) ཞིང་གཤེགས་གྲོས་ཚོཌ་གོང་མའི་ཚོགས་མི་ཐོ་མ་སེ།(Thomas) གཟི་བརྗིད་དང་ལྡན་པའི་སྐུ་མགྲོན་རྣམ་པ།
ཡང་སྒོས་ང་ཚོའི་གྲོགས་མཆེད་ཨི་ལའེ་ ཝི་སལ་(Elie Wiesel)དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཅས་ལ་ཞུ་རྒྱུར།

འདས་པའི་ལོ་མང་པོའི་རིང་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འདི་ལོ་རྒྱུས་ཐོག་གི་རླབས་ཆེའི་མི་སྣ་མང་པོར་ཕུལ་ཡོད་ཅིང༌། དེ་ཡང་རྒྱུན་དུ་ཁོང་རྣམ་པའི་འབད་འཐབ་མཇུག་བསྒྲིལ་ཏེ་རྒྱལ་ཁ་ཐོབ་ཟིན་པར་འབུལ་གྱི་ཡོད། དེ་རིང་གྲོས་ཚོགས་ཀྱིས་ནམ་རྒྱུན་དང་མི་འདྲ་བ་ཞིག་གནང་རྒྱུ་བདམས་གནང་བ་རེད། དེ་ཡང་གྲོས་ཚོགས་ཀྱིས་གཟེངས་རྟགས་འདི་གང་གི་མཛད་འགན་མུ་མཐུད་སྐྱོང་བཞིན་པ་དང༌།